ཚེས20ཉིན་སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དཔུང་སྡེ་ཡིས་གསལ་བསྒྲགས་སྤེལ་ནས། རྒྱལ་ཁབ་དེའི་ཞིས་ཁི་ཨར་ཏའོ་ཧྥན་མངའ་སྡེའི་ལྟེ་བའི་གྲོང་ཁྱེར་ཏེ་ཧྥུའུ་ལཱ་གྲོང་ཁྱེར་ཚོད་འཛིན་བྱས་པ་ཁྱབ་བསྒྲགས་བྱས།
སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དཔུང་སྡེ་ཡིས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་ལས་ཁྱབ་བསྒྲགས་བྱས་པ་ལྟར་ན། སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དཔུང་སྡེའི་དམག་དོན་བཀོད་འདོམས་པ་ཁག་ཅིག་ཧྥུའུ་ལཱ་གྲོང་ཁྱེར་དུ་ཡོད་པའི་ཞིས་ཁི་ཨར་ཏའོ་ཧྥན་མངའ་སྡེའི་སྲིད་གཞུང་གི་དྲུང་ཡིག་ཁྲུའུ་སྤྱི་ཁྱབ་པུའུ་ཡི་ཐོག་ཁང་དུ་ཐོན་ཡོད།
ཧྥུའུ་ལཱ་གྲོང་ཁྱེར་གྱི་གནས་ཚུལ་དངོས་སུ་མཐོང་མཁན་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དཔུང་སྡེའི་ཁོངས་གཏོགས་དཔུང་སྡེ་དང་། ཧྥུའུ་ལཱ་གྲོང་ཁྱེར་གྲོང་འདབས་ཀྱི་དམག་དོན་རྟེན་གཞིར་བཅའ་སྡོད་བྱས་པའི་སུའུ་ཏན་གྱི་དྲག་ཆས་དཔུང་སྡེའི་བར་གྱི་དམག་འཐབ་དེ། ཚེས19ཉིན་ནས་ཚེས20ཉིན་གྱི་ཕྱི་དྲོའི་བར་རྒྱུན་མཐུད་པ་དང་། དེའི་རྗེས་སུ་སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དཔུང་སྡེ་ཡིས་གྲོང་ཁྱེར་ཧྲིལ་པོ་ཚོད་འཛིན་བྱས་པ་རེད་ཟེར།
ཧྥུའུ་ལཱ་གྲོང་ཁྱེར་དུ་སུའུ་ཏན་གྱི་སྣུམ་ཞིང་ཆེ་ཤོས་ཀྱི་གྲས་ཤིག་ཡོད་པ་དེར་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན། སུའུ་ཏན་ལྷོ་མས་སུའུ་ཏན་བརྒྱུད་ནས་རྡོ་སྣུམ་ཕྱིར་གཏོང་བྱེད་པའི་སྣུམ་འདྲེན་སྦུག་ལམ་དེ་གྲོང་ཁྱེར་དེ་བརྒྱུད་ཡོད་པ་རེད།
མིག་སྔར་སུའུ་ཏན་དྲག་ཆས་དཔུང་སྡེ་ཡིས་དོན་རྐྱེན་དེར་ལན་བྱིན་མེད།
2023ལོའི་ཟླ4པའི་ཚེས15ཉིན། སུའུ་ཏན་གྱི་དྲག་ཆས་དཔུང་སྡེ་དང་སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དཔུང་སྡེའི་བར་རྒྱལ་ས་ཁཱ་ཐུའུ་མུའུ་རུ་འཁྲུག་རྩོད་དྲག་པོ་བྱུང་བ་དང་། དེའི་རྗེས་སུ་དམག་འཁྲུག་གི་མེ་ལྕེ་དེ་ས་ཁུལ་གཞན་དག་ཏུ་ཁྱབ་པ་རེད། ལོ་གཅིག་ལྷག་ཙམ་ལ་རྒྱུན་མཐུད་པའི་འཁྲུག་རྩོད་དྲག་པོ་ལས་སུའུ་ཏན་གྱི་མི་ཁྲི་གཅིག་དང་སྟོང་ལྔ་ལྔ་བརྒྱ་ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་ས་ཡ་བརྒྱད་དང་འབུམ་བརྒྱད་ལྷག་ཙམ་ཡུལ་འཁྱམས་བྱེད་བཞིན་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།