ཚེས20ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་ཡའོ་ནན་གྱི་རྒྱལ་ས་ཧི་ནེ་ནས་བཤད་རྒྱུར། ཨུ་རུ་སུའི་འཐབ་ཇུས་ཉིང་རྡུལ་སྟོབས་ཤུགས་ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་ནས་དམག་གྲབས་ཀྱི་རྣམ་པར་གནས་ཡོད།
ཨུ་རུ་སུའི་ཁི་ལེ་མུའུ་ལིན་ཕོ་བྲང་དྲ་ཚིགས་སྟེང་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གྱིས་ཡའོ་ནན་དུ་རྒྱལ་དོན་འཚམས་འདྲི་བྱེད་པའི་རིང་དུ་ཨུ་རུ་སུའི་སྨྱན་སྦྱོར་གྱི་དྲི་བར་ལན་འདེབས་སྐབས་གོང་གསལ་གྱི་གནས་ཚུལ་སྐོར་གླེང་པ་རེད།
བྱང་ཆིངས་ཀྱིས་ཉིང་རྡུལ་འབར་མདེལ་དམག་གྲབས་ཀྱི་རྣམ་པར་འཇོག་རྒྱུའི་སྐོར་གྲོས་བསྡུར་བྱེད་བཞིན་པའི་འབྲེལ་ཡོད་གནད་དོན་ལ་ལན་འདེབས་སྐབས། ཕུའུ་ཅིན་གྱིས་ཨུ་རུ་སུའི་འཐབ་ཇུས་ཉིང་རྡུལ་སྟོབས་ཤུགས་ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་ནས་དམག་གྲབས་ཀྱི་རྣམ་པར་གནས་ཡོད། དེ་དང་ཆབས་ཅིག་ཨུ་རུ་སུ་ཕྱོགས་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བྱ་སྤྱོད་ལ་དོ་ཁུར་ཟབ་མོ་བྱེད་བཞིན་ཡོད། གལ་སྲིད་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འཇིགས་སྐུལ་ཆེ་རུ་ཕྱིན་ཚེ་ཨུ་རུ་སུ་ཕྱོགས་ཀྱིས“དེ་མཚུངས་ཀྱི་རྒོལ་ལན་སྤྲོད་ངེས”ཡིན་ཟེར།
ཝུའུ་ཁི་ལན་དང་གྲོས་མོལ་བྱེད་པའི་གནད་དོན་སྐོར་ནས་ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སུས་གྲོས་མོལ་ལ་གཏན་ནས་ཁས་མི་ལེན་པ་མེད། འོན་ཀྱང་གྲོས་མོལ་ནི“སྟོང་སྣང་གི་རྣམ་པ”ཙམ་མ་ཡིན་པས། དབྱི་སི་ཐན་པུར་དང་མེན་སི་ཁི་རུ་བཞག་པའི་འབྲེལ་ཡོད་གྲོས་མཐུན་གཞིར་བཟུང་ཚེ། ཨུ་རུ་སུ་ཕྱོགས་ཀྱིས་ཝུའུ་ཁི་ལན་ཕྱོགས་དང་མུ་མཐུད་དུ་གྲོས་མོལ་བྱེད་འདོད་ཡོད་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།