ཀུའུ་ཐི་ལོས་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤུགས་ཆེན་པོས་ཡུལ་གྱར་བར་སྲུང་སྐྱོབ་དང་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.06.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས20ཉིན་འཛམ་གླིང་ཡུལ་གྱར་བའི་ཉིན་མོར་བརྙན་རིས་ཞུ་ཚིག་ཕུལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡུལ་གྱར་བའི་སྲུང་སྐྱོབ་དང་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། འཁྲུག་རྩོད་དང་ཟིང་འཁྲུག ནམ་ཟླའི་གནོད་འཚེ་སོགས་ཀྱི་དབང་གིས་མི་བགྲང་ལས་འདས་པ་རང་ཁྱིམ་དང་འབྲལ་དགོས་བྱུང་ལ། དེ་ལས་མིའི་རིགས་ཀྱི་དཀའ་སྡུག་སྔར་ལས་ཇེར་ཆེར་བཏང་ཡོད་ཟེར། འཛམ་གླིང་ཡུལ་གྱར་བའི་ཉིན་མོ་གཏན་འཁེལ་བྱས་པ་ནི་ཁོ་ཚོའི་སྟོབས་ཤུགས་དང་བློ་སྤོབས་ལ་རྗེས་དྲན་བྱེད་རྒྱུ་མ་ཟད། སྲུང་སྐྱོབ་དང་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བའི་ཆེད་དུ་ཡིན་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱེད་པར་འཛམ་གླིང་ཡོངས་ཀྱིས་མཐུན་སྒྲིལ་བྱེད་དགོས་པ་དང་། དེའི་ཞོར་དུ་ཡུལ་གྱར་བས་ལ་རྒྱ་ཡོད་པའི་འཚོ་བའི་ནུས་པ་བསྐྱར་འཛུགས་བྱེད་དགོས། གལ་ཏེ་གོ་སྐབས་ཡོད་ན་ཡུལ་གྱར་བས་ཁོ་ཚོ་དང་ལེན་བྱེད་སའི་སྡེ་ཁུལ་དེར་བྱས་རྗེས་གལ་ཆེན་འཇོག་ཐུབ་ཀྱང་། ཁོ་ཚོར་འདྲ་མཉམ་གྱི་གོ་སྐབས་དང་། བྱ་བ། སྡོད་ཁང་། སྨན་བཅོས་འགན་སྲུང་སོགས་ཐོབ་དགོས་པ་ཡིན་ཟེར།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ན་གཞོན་པའི་ཡུལ་གྱར་བར་སྤུས་ལེགས་ཀྱི་སློབ་གསོ་ཐོབ་ནས་ཁོ་ཚོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས། ཡུལ་གྱར་བའི་དང་ལེན་བྱེད་སའི་རྒྱལ་ཁབ་དང་ཁྱད་པར་དུ་ཡོང་འབབ་དམའ་འབྲིང་གི་རྒྱལ་ཁབ་དག་ལའང་རྒྱབ་སྐྱོར་དང་ཐོན་ཁུངས་མཁོ་བ་དང་། ཡུལ་གྱར་བ་དག་དེའི་སྤྱི་ཚོགས་དང་དཔལ་འབྱོར་ནང་འདྲེས་པར་བྱེད་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡུལ་གྱར་བར་རོགས་སྐྱོར་འདོན་སྤྲོད་བྱེད་པའི་ཐད་ཐུན་མོང་འགན་འཁྲི་འདོན་དགོས་པར་མ་ཟད། མཇུག་མཐར་འཁྲུག་རྩོད་ཐག་གཅོད་བྱས་ཏེ་ཡུལ་གྱར་བ་དག་ཕྱིར་རང་ཁྱིམ་ལ་ལོག་ཏུ་འཇུག་དགོས།

ཟླ6པའི་ཚེས20ཉིན་ནི་འཛམ་གླིང་ཡུལ་གྱར་བའི་ཉིན་མོ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་མིག་སྔར་མི་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ལྷག་རང་ཁྱིམ་དང་མི་འབྲལ་ཐབས་མེད་བྱུང་ཡོད་པ་དང་། དེའི་ནང་ཡུལ་གྱར་བ་བྱེ་བ་བཞི་དང་ས་ཡ་གསུམ་འབུམ་ལྔ་འདུས་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།