མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ30ལྷག་གིས་ཚེས20ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དུ་མཚོན་ཆ་སྐྱེལ་འདྲེན་བྱེད་པ་དེས་འགྲོ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་བཅའ་ཁྲིམས་ལ་འགལ་བའི་བྱ་སྤྱོད་གྲུབ་ཡོད་པ་དང་། འབྲེལ་ཡོད་རྒྱལ་ཁབ་དང་ཁེ་ལས་ཀྱིས་མྱུར་མོར་དབྱི་སི་རལ་དུ་མཚོན་ཆ་སྐྱེལ་འདྲེན་བྱེད་མཚམས་འཇོག་དགོས་ཟེར།
ཆེད་མཁས་པ་དེ་དག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟོ་ཚོང་ལས་རིགས་དང་འགྲོ་མིའི་ཐོབ་ཐང་བྱ་བའི་ཚན་ཆུང་གི་ཀྲུའུ་ཞི་ལའོ་པའོ་ཐི་མེད་ཁི་ཁི་ཏའེ་ཨར་དང་། རྒྱལ་སྤྱིའི་སྒྲིག་ལམ་གནད་དོན་གྱི་སྒེར་ཚུགས་ཆེད་མཁས་པ་ཆའོ་ཀྲི་ཁཱ་ཐི་ལུའུ་ཅཱ་ལོ་སི། བདེ་འཇགས་འཐུང་ཆུ་དང་འཕྲོད་བསྟེན་སྒྲིག་ཆས་ཀྱི་འགྲོ་མིའི་ཐོབ་ཐང་གནད་དོན་གྱི་དམིགས་བསལ་སྙན་ཞུ་པ་ཕའེ་ཏི་ལོ་ཨ་ལོ་ཧའོ་ཨ་ཀུའུ་ཏའོ་སོགས་ཡོད། ཁོ་ཚོས་མཉམ་འབྲེལ་གསལ་སྒྲོག་ནང་ལོ་ཁི་ཞེ་ཏི་མཱ་ཏེན་དང་ནོའུ་སི་ཏའོ་ཕུའུ་ཀི་ལུའུ་མན། ཐུང་ཡུང་སྒུལ་ཤུགས། པེ་དབྱེ་མ་ལག་སོགས་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་དམག་ཆས་ཀུང་ཟི་མང་བོས་ད་ལྟ་ཆོག་མཆན་དཔང་ཡིག་སོགས་ཡོད་ཀྱང་དབྱི་སི་རལ་དུ་མཚོན་ཆ་དང་དམག་དོན་སྒྲིག་ཆས་གཞན་པ་སྐྱེལ་འདྲེན་བྱེད་མཚམས་འཇོག་དགོས་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཀུང་ཟི་དེ་དག་གིས་དབྱི་སི་རལ་གྱི་དམག་དཔུང་ལ་མཚོན་ཆ་དང་དམག་དོན་སྒྲིག་ཆས་གཞན་པ་འདོན་སྤྲོད་བྱེད་པའི་བྱ་སྤྱོད་དེ་རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་བཅའ་ཁྲིམས་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལ་འགལ་ཡོད་ཀྱང་སྲིད། རྒྱུ་མཚན་ནི་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་བསྟུད་མར་དམག་དོན་འཇབ་རྒོལ་སྤེལ་སྐབས་མི་སེར་དཀྱུས་མ་དང་རྨང་གཞིའི་སྒྲིག་ཆས་སོགས་ལ་ཁྱད་མེད་ངང་དཔུང་འཇུག་བྱེད་བཞིན་ཡོད་པ་དང་། དེའི་ནང་མི་གྲངས་མང་བོ་འདུས་པའི་ས་ཁུལ་དུ་འགས་གཏོར་རང་བཞིན་དང་འབར་བའི་རང་བཞིན་གྱི་མཚོན་ཆ་བཀོལ་ནས་སྡོད་ཁང་དང་ཡུལ་གྱར་བའི་སྒར་ས། སྨན་བཅོས། སློབ་གསོ། འཐུང་ཆུའི་འདོན་སྤྲོད། འཕྲོད་བསྟེན་སྒྲིག་ཆས་སོགས་ཚེ་སྲོག་གི་རྒྱུན་སྐྱོང་བར་ངེས་པར་དུ་མེད་དུ་མི་རུང་བའི་དམངས་བཀོལ་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་གཏོང་བ་སོགས་འདུས་ཡོད་ཟེར།
གསལ་སྒྲོག་ལས་ད་རུང་བསྟན་དོན། རྒྱལ་ཁབ་གཞན་པ་བརྒྱུད་དེ་བརྒྱུད་པའི་སྒོ་ནས་མཚོན་ཆ་སྐྱེལ་འདྲེན་བྱེད་པའང་ངེས་པར་དུ་མཚམས་འཇོག་དགོས། དམག་དོན་ཀུང་ཟི་དེ་དག་ལ་དངུལ་གཏོང་བྱེད་པའི་དངུལ་གསོག་ལས་ཁུངས་ཀྱིས་ཀྱང་དགོས་མེས་ཀྱི་འགན་འཁྲི་ཁུར་དུ་ལེན་དགོས་ཟེར། གསལ་སྒྲོག་ལས་ཨ་མེ་རི་ཁའི་དངུལ་ཁང་དང་མའོ་ཀིན་ཏཱ་ཐུང་། པེ་ལའེ་ཏི་ཀུང་ཟི་སོགས་འདུས་པའི་ནུབ་ཕྱོགས་ཀྱི་དངུལ་གསོག་ལས་ཁུངས་ཀྱིས་འགུལ་སྐྱོད་སྤེལ་དགོས་པའི་སྐུལ་མ་བཏང་།
ཆེད་མཁས་པ་དག་གིས་ནན་གྱིས་བསྟན་དོན། དབྱི་སི་རལ་ལ་མཚོན་ཆའི་སྐྱེལ་འདྲེན་གཏན་འགོག་དང་དངུལ་གཏོང་མཁན་གཅིག་ཆོད་ཀྱི་འགུལ་སྐྱོད་སྤེལ་བའི་དགོས་གལ་རང་བཞིན་དེ་སྔོན་ཆད་ཀྱི་དུས་སྐབས་གང་ལས་ཀྱང་གལ་འགངས་ཆེ་བ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།