ཡོ་ནན་དང་ཨུ་རུ་སི་ཡིས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་ཚུལ་བསྟན།
2024.06.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས20ཉིན་ཡོ་ནན་ལ་རྒྱལ་དོན་འཚམས་འདྲི་བྱས་པར་མ་ཟད་ཡོ་ནན་གྱི་རྒྱལ་ཁབ་ཀྲུའུ་ཞི་སུའུ་ལིན་དང་གྲོས་མོལ་བྱས། ཡོ་རོབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། འཚམས་འདྲི་བྱེད་སྐབས། ཡོ་ནན་དང་ཨུ་རུ་སིའི་བར་མཉམ་ལས་ཡིག་ཆ་མང་བོ་བཀོད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་ཡིད་འཐད་བྱུང་ཡོད་ཟེར།

ཡོ་ནན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། སུའུ་ལིན་དང་ཕུའུ་ཅིན་གྱིས་གྲོས་མོལ་བྱས་རྗེས། སློབ་གསོ་དང་ཁྲིམས་འཛིན་སོགས་ཁྱབ་ཁོངས་མང་བོའི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆར་མིང་འགོད་པར་བདེན་དཔང་བྱས། དེའི་རྗེས་སུ་ཁོ་གཉིས་ཀྱིས་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས། སུའུ་ལིན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མཐོ་རིམ་བར་གྱི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་བར་གྱི་ཉོ་ཚོང་དང་དངུལ་གཏོང་ལ་སྐུལ་འདེད་གཏོང་བར་ཡིད་འཐད་བྱུང་ཡོད་ཟེར། ཉིན་དེར་ཕུའུ་ཅིན་གྱིས་ད་རུང་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་། ཡོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན། ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁྲིན་ཆིན་མེན་བཅས་དང་སོ་སོར་གྲོས་མོལ་བྱས་པ་རེད་ཟེར།

གཞན་ཡང་ཨུ་རུ་སིའི་ཁི་ལི་མུའུ་ལིན་ཕོ་བྲང་གི་དྲ་ཚིགས་ཀྱིས་ཚེས20ཉིན་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་སུའུ་ལིན་དང་མཉམ་དུ་གསར་འགོད་པར་སྣེ་ལེན་ཚོགས་སྐབས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཡོ་ནན་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་སྲ་བརྟན་དུ་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ཟེར།

ཡོ་ནན་དུ་འཚམས་འདྲི་མ་བྱས་གོང་། ཕུའུ་ཅིན་གྱིས་ཁྲའོ་ཞན་ལ་རྒྱལ་དོན་འཚམས་འདྲི་བྱས་པ་དང་། ཨུ་རུ་སི་དང་ཁྲའོ་ཞན་གྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག་བཀོད། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས20ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་བཤད་རྒྱུར། ཕུའུ་ཅིན་གྱི་ཐེངས་འདིའི་འཚམས་འདྲི་ནི་དོན་སྙིང་ལྡན་པའི་འཐབ་ཇུས་བྱེད་ཐབས་ཤིག་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།