མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས་འཛམ་གླིང་ཡོངས་ཀྱི་མང་ཚོགས་ཀྱིས་སྔར་ལས་སྟོབས་དང་ལྡན་པའི་ནམ་ཟླའི་འགུལ་སྐྱོད་སྤེལ་བར་རེ་བ་བྱེད་བཞིན་ཡོད་པའི་ཚུལ་བསྟན།
2024.06.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་སྤེལ་འཆར་འགོད་ཁང་གིས་ཚེས་ཉི་ཤུ་ཉིན་སྤེལ་བའི་རྟོག་ཞིབ་སྙན་ཞུ་ཞིག་ལས་མངོན་པ་ལྟར་ན། འཛམ་གླིང་ཡོངས་ཀྱི་བརྒྱ་ཆའི་བརྒྱད་ཅུའི་བཅར་འདྲིའི་མང་ཚོགས་ཀྱིས་སྔར་ལས་སྟོབས་དང་ལྡན་པའི་ནམ་ཟླའི་འགུལ་སྐྱོད་སྤེལ་བར་རེ་བཞིན་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་དང་ཉིག་ཅིན་སློབ་ཆེན་སོགས་ཀྱིས་མཉམ་དུ་སྤེལ་བའི་ནམ་ཟླའི་འགྱུར་ལྡོག་གི་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་པའི་བྱ་བ་དེ་རྒྱལ་ཁབ77ལ་ཁེབས་ཡོད་པ་དང་། རྒྱལ་ཁབ་དེ་དག་གི་མི་གྲངས་ཀྱིས་འཛམ་གླིང་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་གྱ་བདུན་ཟིན་ཡོད། རྟོག་ཞིབ་བྱ་བ་དེ་འདྲ་སྤེལ་བའི་དམིགས་ཡུལ་ནི་འཛམ་གླིང་ཡོངས་ཀྱི་མང་ཚོགས་ཀྱིས་ནམ་ཟླའི་འགྱུར་ལྡོག་གི་ཤུགས་རྐྱེན་ལ་ལྟ་ཚུལ་ཅི་འདྲ་བཟུང་ཡོད་པ་དང་ནམ་ཟླའི་འགུལ་སྐྱོད་ཐད་རེ་བ་ཅི་འདྲ་ཡོད་པར་རྒྱུས་ལོན་བྱེད་ཆེད་ཡིན།

རྟོག་ཞིབ་ལས་མངོན་པ་ལྟར་ན། འཛམ་གླིང་ཡོངས་ཀྱི་བརྒྱ་ཆའི་བརྒྱད་ཅུའི་བཅར་འདྲིའི་མང་ཚོགས་ཀྱིས་སྔར་ལས་སྟོབས་དང་ལྡན་པའི་ནམ་ཟླའི་འགུལ་སྐྱོད་སྤེལ་བར་རེ་བཞིན་ཡོད་པ་དང་། གཞན་ཡང་བརྒྱ་ཆའི་ང་གསུམ་གྱི་བཅར་འདྲིའི་མང་ཚོགས་ཀྱིས་ན་ནིང་ལས་ཀྱང་ནམ་ཟླའི་འགྱུར་ལྡོག་གནད་དོན་ལ་ལྷག་ཏུ་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཆེས་དར་རྒྱས་མིན་པའི་རྒྱལ་ཁབ་དང་གླིང་ཕྲན་ཆུང་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་བསྡུར་ཚད་དེ་ལྷག་ཏུ་མཐོ་བར་མངོན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་སྤེལ་འཆར་འགོད་ཁང་གི་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་གཙོ་གཉེར་དཔོན་པོ་ཁའེ་ཞི་ཧྥོ་ལིན་གྱིས་ནམ་ཟླའི་འགུལ་སྐྱོད་ལ་ཤུགས་སྣོན་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། རྒྱལ་ཁབ་སོ་སོས་ངེས་པར་དུ་གོ་སྐབས་དམ་འཛིན་བྱས་ཏེ། མཉམ་དུ་འབྲེལ་ཡོད་ཀྱི་འཛམ་གླིང་ཡོངས་ཀྱི་དྲོད་ཚད་ཚོད་འཛིན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས་པའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།