ཐུ་ནི་ཞི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་ཚེས21ཉིན་གསལ་སྒྲོག་སྤེལ་ཏེ། ཙུང་ཐུང་སེ་དབྱེ་ཏི་ཡིས་ཉིན་དེར་ཆོས་ལུགས་ལས་དོན་གྱི་པུའུ་ཀྲང་ཧྲ་དབྱེ་པུས་ཀྱི་ལས་འགན་བླངས། གསལ་སྒྲོག་ལས་ཧྲ་དབྱེ་པུས་ཀྱི་ལས་འགན་བླངས་པའི་བྱེ་བྲག་གི་རྒྱུ་རྐྱེན་གསལ་བཤད་བྱས་མེད།
ཐུ་ནི་ཞི་ཡཱའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཧྲ་དབྱེ་པུས་ནི་སོ་ཏི་ཨ་རབ་ནས་ཕྱིར་ཐུ་ནི་ཞི་ཡཱ་རུ་ལོག་ནས་དུས་ཚོད་འགའི་རྗེས་སུ་ལས་འགན་བླངས་པ་རེད། ཧྲ་དབྱེ་པུས་ཀྱིས་ད་ལོར་སོ་ཏི་ཨ་རབ་ཏུ་མཇལ་ཕྱག་ལ་འགྲོ་བའི་ ཐུ་ནི་ཞི་ཡཱའི་དཔོན་ཕྱོགས་འཐུས་ཚབ་ཚོགས་པའི་ཚོགས་གཙོའི་འགན་ཁུར་ཏེ། ཐུ་ནི་ཞི་ཡཱའི་སྤྱི་དམངས་ལ་རྒྱབ་སྐྱོར་དང་རོགས་འདེགས་བྱས། མིག་སྔར་ཐུ་ནི་ཞི་ཡཱའི་སྤྱི་དམངས49སོ་ཏི་ཨ་རབ་ཏུ་མཇལ་ཕྱག་བྱེད་སྐབས་ཚེ་ལས་འདས།
ཧྲ་དབྱེ་པུས་ཀྱིས་དེའི་སྔོན་བསྟན་དོན། ཐུ་ནི་ཞི་ཡཱའི་མཇལ་བ་ཚེ་ལས་འདས་པར་ཕྱོགས་མང་བོའི་རྒྱུ་རྐྱེན་ཡོད་པ་དང་། དེའི་ནང་རྒྱུ་རྐྱེན་གཙོ་བོ་ནི་དྲོད་ཚད་མཐོ་བས་རེད། ས་དེའི་བསིལ་གྲིབ་ཡོད་སའི་དྲོད་ཚད་དྲོད་གྲངས50ལས་བརྒལ་ཡོད་པ་རེད། དེ་ལས་གཞན་ད་ལོར་མེད་ཅཱ་རུ་མཇལ་ཕྱག་ལ་འགྲོ་བའི་ཐུ་ནི་ཞི་ཡཱའི་སྤྱི་དམངས་ཁྲོད་ལོ་ན་མཐོ་བའི་མི་མང་བོ་ཡོད་པར་མ་ཟད། མི་མང་བོར་ནད་བྱུང་ཡོད་ཟེར།
སོ་ཏི་ཨ་རབ་དཔོན་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། ད་ལོར་མེད་ཅཱ་རུ་མཇལ་ཕྱག་བྱེད་པའི་མི་ས་ཡ་གཅིག་དང་འབུམ་བརྒྱད་ལྷག་ཡོད་པ་དང་། དེའི་ནང་མི་ས་ཡ་གཅིག་དང་འབུམ་དྲུག་ལྷག་རྒྱལ་ཁབ་དང་ས་ཁུལ་གཞན་པ་ནས་ཡོང་བ་རེད་ཟེར། སོ་ཏི་ཨ་རབ་སྲིད་གཞུང་གིས་དེའི་སྔོན་དྲོད་ཚད་མཐོ་བའི་ནམ་ཟླའི་ཉེན་བརྡ་བཏང་ཡོད་པ་དང་། མཇལ་བ་དག་གིས་ཉིན་རེའི་སྔ་དྲོའི་དུས་ཚོད11ནས་ཕྱི་དྲོའི་དུས་ཚོད16བར་ཉི་གདུགས་བཀོལ་དགོས་ལ། ཆུ་མང་དུ་འཐུང་དགོས་པའི་གསལ་འདེབས་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།