ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས21ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་བྱང་ཤར་ཕྱོགས་ཀྱི་མཱ་ཝ་ཞི་ས་ཁུལ་དུ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི25རྐྱེན་ལམ་དུ་ཤོར་བ་དང་། མི50ལ་རྨས་ཕོག་ཟེར།
ཅཱ་ཧྲ་ས་ཁུལ་གྱི་འབྲེལ་ཡོད་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གི་ཐན་ཁི་འཁོར་ལོ་གཉིས་ཀྱིས་འགྲོ་སའི་ཁྱིམ་མེད་པའི་མིའི་རས་གུར་ཕུབ་སར་སྒྱོགས་མདེལ་མང་བོ་གཏོང་འཕེན་བྱས་ཡོད་ཟེར།
ཕཱ་ལེ་སི་ཐན་ཟླ་གསར་དམར་པོ་ཚོགས་པས་བཤད་རྒྱུར། དེའི་ལས་བྱེད་མི་སྣས་འདས་པོ་དང་རྨས་མར་བཀོད་སྒྲིག་བྱེད་བཞིན་ཡོད་ཟེར།
དབྱི་སི་རལ་དམག་ཕྱོགས་ཀྱིས་མིག་སྔར་ད་རུང་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།