མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས21ཉིན་བསྟན་དོན། དབུས་ཤར་ས་ཁུལ་དུ་འཁྲུག་རྩོད་སྔར་ལས་རྒྱ་ཡན་དུ་སོང་ན་ཉེན་ཁ་ཡོད་པས། གནས་ཚུལ་དེ་ངེས་པར་དུ་སྔོན་འགོག་བྱེད་དགོས་ཟེར།
ཀུའུ་ཐི་ལོས་སི་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་དབྱི་སི་རལ་དང་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་དྲག་ཆས་མི་སྣའི་བར་གྱི་འཁྲུག་རྩོད་རྒྱུན་ཆད་མེད་པར་ཛ་དྲག་ཏུ་གྱུར་བར་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན། ཁོས་བཤད་རྒྱུར། དབྱི་སི་རལ་དང་ལེ་པཱ་ནུན་གྱི་དམག་དོན་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་བ་ལས་རྒྱལ་ཁབ་གཉིས་ལ་དཀའ་སྡུག་མང་བོ་བཟོས་ནས་གཏོར་བརླག་ཆེན་པོ་བཟོས་ཡོད་པར་མ་ཟད། ས་ཁུལ་དེར་གནོད་འཚེ་རང་བཞིན་གྱི་མཇུག་འབྲས་འབྱུང་སྲིད་ཟེར།
ཀུའུ་ཐི་ལོས་སི་ཡིས་འབྲེལ་ཡོད་ཕྱོགས་ཀྱིས་ཡང་བསྐྱར་ཕྱོགས་ཡོངས་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་ལག་བསྟར་བྱས་ནས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་པ་སླར་གསོ་བྱེད་དགོས་པའི་སྐུལ་མ་བཏང་། ཁོས་བཤད་རྒྱུར། ད་ལྟ་ནི་ཕྱོགས་སོ་སོས་རང་ཚོད་བཟུང་ཞིང་། ད་ཡོད་ཀྱི་ཕྱི་འབྲེལ་དང་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་དངོས་གཉེར་འབྲེལ་འདྲིས་བྱེད་པའི་དུས་ལ་བབས་ཡོད། དམག་དོན་བྱེད་ཐབས་ལ་མཇུག་འབྲས་བཟང་བོ་ཡོད་མི་སྲིད་ལ། ས་ཁུལ་དེའི་མི་དམངས་དང་འཛམ་གླིང་མི་དམངས་ཀྱིས་ལེ་པཱ་ནུན་དེ་ཅཱ་ཧྲ་གཉིས་པ་ལྟ་བུ་ཞིག་ལ་འགྱུར་དུ་འཇུག་མི་འདོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།