ཁུ་པཱ་ཡིས་དབྱི་སི་རལ་ཞུ་གཏུག་བྱེད་པའི་རྒྱལ་ཁབ་ཀྱི་གྲས་སུ་ཞུགས་རྒྱུ་ཁྱབ་བསྒྲགས་བྱས།
2024.06.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཁུ་པཱའི་ཕྱི་འབྲེལ་པུའུ་ཡིས་ཚེས21ཉིན་སྤྱི་སྒྲོག་སྤེལ་ཏེ། ཁུ་པཱ་ཨ་ཧྥེ་རི་ཁ་ལྷོ་མའི་གྲས་སུ་ཞུགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཁྲིམས་ཁང་ལ་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་ནས་བཟོས་པའི་རིགས་རྒྱུད་ཚར་གཅོད་ཀྱི་ནག་ཉེས་ཞུ་གཏུག་བྱེད་རྒྱུ་ཐག་བཅད་ཡོད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཁུ་པཱའི་སྲིད་གཞུང་གིས་ནམ་རྒྱུན་སྤྱོད་འོས་པའི་བྱེད་ཐབས་གང་རུང་ལ་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲིམས་མཐུན་བྱ་སྤྱོད་ལ་རྒྱབ་སྐྱོར་དང་སྐུལ་འདེད་བཏང་སྟེ། ཕཱ་ལེ་སི་ཐན་མི་དམངས་ལ་དམིགས་པའི་རིགས་རྒྱུད་ཚར་གཅོད་མཚམས་འཇོག་ཏུ་འཇུག་རྒྱུ་ཁས་ལེན་བྱས་ཡོད་པས། ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་སྤྱིའི་ཁྲིམས་ཁང་ནས་དབྱི་སི་རལ་ཞུ་གཏུག་བྱེད་པའི་བྱ་བའི་ནང་ཞུགས་རྒྱུ་ཐག་བཅད་པ་ཡིན་ཟེར།

སྤྱི་སྒྲོག་ལས་བསྟན་དོན། བྱ་སྤྱོད་དེའི་དམིགས་ཡུལ་ནི་དབྱི་སི་རལ་གྱིས་ཚད་བརྒལ་དང་ཁྱད་པར་ཅི་ཡང་མེད་པར་མཚོན་ཆ་བེད་སྤྱོད་བཏང་ནས་ཕཱ་ལེ་སི་ན་མི་དམངས་ལ་བཟོས་པའི་དྲག་སྤྱོད་ལ་བཀག་འགོག་བྱེད་པའི་ཆེད་དུ་ཡིན་ཟེར།

2023ལོའི་ཟླ12པར། ཨ་ཧྥེ་རི་ཁ་ལྷོ་མས་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་རིགས་རྒྱུད་ཚར་གཅོད་བྱེད་པའི་བྱ་སྤྱོད་ལག་བསྟར་བྱས་པར་སྐྱོན་འཛུགས་བྱས། དེའི་རྗེས་སུ་ཀྲི་ལི་དང་སི་ཕེན་འདུས་པའི་རྒྱལ་ཁབ་མང་བོ་དབྱི་སི་རལ་ཞུ་གཏུག་བྱེད་པའི་གྲས་སུ་ཞུགས་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།