ཡོ་རོབ་གླིང་དང་ཨ་མེ་རི་ཁའི་སློབ་གྲོགས་ཚོགས་པའི་སྐབས་གསུམ་པའི་རྒྱལ་སྤྱིའི་རིག་མཛོད་གླེང་སྟེགས་ཚེས22ཉིན་ཀྲེ་ཅང་ཞིང་ཆེན་གྱི་ཧུའུ་ཀྲིག་གྲོང་ཁྱེར་ནས་ཚོགས་མགོ་བརྩམས། ཀྲུང་གོ་དང་ཨ་མེ་རི་ཁ། འཇར་མན། ཧྥ་རན་སི། ཧི་ལན། སུའེ་ཏེན། ནོར་ཝེ། ཨུ་རུ་སི་སོགས་རྒྱལ་ཁབ་བཅུ་ལྷག་ནས་ཡོང་བའི་ཀྲུང་ཕྱིའི་རིག་མཛོད་འཐུས་མི་དང་ཆེད་མཁས་པ། ཕྱི་འགྲིམ་སློབ་མ་བཅས་ཀྱི་འཐུས་མི་བརྒྱ་དང་ལྔ་བཅུ་ལྷག་གིས་ནམ་ཟླའི་འགྱུར་ལྡོག་དང་ཐཱན་སྙོམས་སྦྱོར། ཐཱན་མ་ཡིན་པའི་ནུས་ཁུངས་ཐོན་ལས་ཀྱི་གསར་གཏོད་འཕེལ་རྒྱས། སྐྱེ་ཁམས་ཞིང་ལས། གྲོང་གསེབ་དར་སྤེལ་སོགས་ཀྱི་བརྗོད་དོན་གཙོར་བཟུང་སྟེ། ཞིབ་འཇུག་ཞིབ་མོ་བྱས་པ་དང་གྲུབ་འབྲས་མཉམ་སྤྱོད་སྒོས་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་།
ཡོ་རོབ་གླིང་དང་ཨ་མེ་རི་ཁའི་སློབ་གྲོགས་ཚོགས་པའི་ཚོགས་གཙོ་ཏེན་ཀྲུང་ལིས་ཀྱིས་གཏམ་བཤད་གལ་ཆེན་སྤེལ་ཏེ། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པར་ལུགས་མཐུན་གྱིས་ཐཱན་ཕྱིར་གཏོང་གི་ཚད་དང་། ཐཱན་ཕྱིར་གཏོང་གི་འཛམ་གླིང་ཡོངས་ཀྱི་འགན་འཁྲིའི་མ་ལག་འཛུགས་པ། ནམ་ཟླའི་གནོད་འཚེའི་རྒྱལ་སྤྱིའི་རོགས་སྐྱོར། ཐཱན་གྱི་སྒོ་ཁྲལ་དང་ཐཱན་རིན་གོང་། ཐཱན་ཁ་གསབ་སོགས་རྨང་གཞིའི་རང་བཞིན་གྱི་གནད་དོན་ལ་ལྟ་སྟངས་ཡག་པོ་བཟུང་སྟེ། འདྲ་མཉམ་དང་དྲང་བདེན་གྱི་འཛམ་གླིང་ཡོངས་ཀྱི་ཐཱན་ཕྱིར་གཏོང་གི་འགན་འཁྲིའི་མ་ལག་འཛུགས་པར་དགོས་གལ་ཧ་ཅང་ཆེ། དེའི་ཞོར་དུ་དཔལ་འབྱོར་བྱེད་ཐབས་དང་ཚོང་རའི་སྟོབས་ཤུགས་ཀྱིས་ཐཱན་ཉུང་གཏོང་ལ་སྐུལ་འདེད་གཏོང་དགོས་ལ། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་བལྟས་བཅོས་ཀྱིས་དོ་མཉམ་དང་གཅིག་གྱུར་ཡིན་པའི་ལམ་ལུགས་ཇུས་འགོད་བྱེད་དགོས་ཟེར།
གླེང་སྟེགས་ནས་སྐྱེ་ཁམས་དཔལ་ཡོན་རྒྱལ་སྤྱིའི་རིག་མཛོད་མཉམ་ལས་ཀྱི་ཧུའུ་ཀྲིག་གྲོས་འདོན་སྤེལ་བ་དང་། ཐུན་མོང་ཞིབ་འཇུག་སྤེལ་བ་དང་། རིགས་གཞུང་བརྗེ་རེས་ལ་ཤུགས་སྣོན་པ། ཞིབ་འཇུག་གྲུབ་འབྲས་མཉམ་སྤྱོད་བྱེད་པ། དཔལ་ཡོན་དཔེར་ལེན་ལ་སྐུལ་འདེད་གཏོང་བ་བཅས་ཕྱོགས་བཞི་ནས། སྔར་ལས་མང་བའི་རྒྱལ་སྤྱིའི་རིག་མཛོད་ཀྱིས་སྒོ་འབྱེད་དང་མཉམ་ལས། མཉམ་སྤྱོད་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། མཉམ་དུ་ལག་རྡང་སྦྲེལ་ནས་འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པའི་འབོད་སྐུལ་བཏང་།
མཚམས་སྦྱོར་བྱས་པ་ལྟར་ན། ཡོ་རོབ་གླིང་དང་ཨ་མེ་རི་ཁའི་སློབ་གྲོགས་ཚོགས་པའི་རྒྱལ་སྤྱིའི་རིག་མཛོད་གླེང་སྟེགས་ནི་ཡོ་རོབ་གླིང་དང་ཨ་མེ་རི་ཁའི་སློབ་གྲོགས་ཚོགས་པས་གཙོ་སྒྲུབ་བྱས་པའི་དམངས་ཁྲོད་ཀྱི་ཕྱི་འབྲེལ་བྱ་འགུལ་གལ་ཆེན་ཞིག་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་ལ་ཞི་ཨན་དང་པེ་ཅིང་ནས་སྐབས་གཉིས་སྤེལ་མྱོང་བ་དང་། སྐབས་འདིའི་གླེང་སྟེགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཏེ། ལྷད་མེད་སྐྱེ་ཁམས་དང་རྒྱུན་མཐུད་འཕེལ་རྒྱས་ཞེས་པ་བརྗོད་སྙིང་དུ་བཟུང་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།