ཀྲུང་གོའི་ཁེ་ལས་ཀྱིས་འགན་འཁུར་ནས་འཛུགས་སྐྲུན་བྱེད་པའི་ཁོང་གོ་ཅིན་གྱི་རྒྱལ་སའི་མཐའ་བསྐོར་བའི་ལམ་ཐིག་གི་གཞུང་ལམ་ལས་གཞི་མགོ་བརྩམས།
2024.06.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཀྲུང་གོའི་ཁེ་ལས་ཀྱིས་འགན་འཁུར་ནས་འཛུགས་སྐྲུན་བྱེད་པའི་ཁོང་གོ་ཅིན་གྱི་རྒྱལ་ས་ཅིན་ཧྲ་སཱའི་མཐའ་བསྐོར་བའི་ལམ་ཐིག་གི་གཞུང་ལམ་ལས་གཞི་ཚེས22ཉིན་ཅིན་ཧྲ་སཱ་ནས་ལས་མགོ་རྩོམ་པའི་མཛད་སྒོ་བསྡུས་པ་དང་། ཁོང་གོ་ཅིན་རྒྱལ་ཁབ་ཀྱི་ཙུང་ཐུང་ཆིས་སེད་ཁི་ཏིས་དང་ཙུང་ལི་ཐུའུ་ལུའུ་ཁཱ་སོགས་མགོ་རྩོམ་མཛད་སྒོར་ཞུགས་ཤིང་། ཆིས་སེད་ཁི་ཏིས་ཀྱིས་དངོས་སུ་ལྗིད་འདེགས་འཕྲུལ་འཁོར་ལ་ཁ་ལོ་བསྒྱུར་ནས་ལས་གཞིར་རྨང་བཏིངས།

ཆིས་སེད་ཁི་ཏིས་ཀྱིས་བཤད་རྒྱུར། ཀྲུང་གོའི་ཁེ་ལས་ཀྱིས་ཁོང་གོ་ཅིན་རྒྱལ་ཁབ་ལ་སྔོན་ཐོན་གྱི་སྒྲིག་ཆས་དང་ལག་རྩལ་ཁྱེར་ཡོང་བར་བཀའ་དྲིན་ཞུས་པ་དང་། ཁོང་གོ་ཅིན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་མང་པོའི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།

ཁོང་གོ་ཅིན་གྱི་རྒྱལ་སྲིད་པུའུ་ཀྲང་དང་རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་བཟོ་སྐྲུན་པུའུ་ཡི་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་མུའུ་ཝུའུ་ཉི་ཡིས་ཤིས་ཚིག་ནང་བསྟན་དོན། ཅིན་ཧྲ་སཱ་བསྐོར་བའི་གཞུང་ལམ་ལམ་ཐིག་གི་ལས་གཞི་མགོ་བརྩམས་པ་དེས་ཁོང་གོ་ཅིན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་ཀྱི་མཉམ་ལས་དེ་དུས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད། ཁོང་གོ་ཅིན་དང་ཀྲུང་གོའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་མཉམ་ལས་མང་པོས་ཁོང་གོ་ཅིན་གྱི་གཞུང་ལམ་ཕྱོགས་བཞི་མཚམས་བརྒྱད་དུ་འཐེན་པར་ཤུགས་སྣོན་དང་ཕན་པར་མ་ཟད། ཁོང་གོ་ཅིན་གྱི་མི་དམངས་ལ་གོ་སྐབས་བསྐྲུན་ཐུབ་ངེས་རེད་ཟེར།

ཁོང་གོ་ཅིན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲའོ་པིན་གྱིས་བཤད་རྒྱུར། ཅིན་ཧྲ་སཱ་བསྐོར་བའི་གཞུང་ལམ་ལམ་ཐིག་གི་ལས་གཞི་འཛུགས་སྐྲུན་ཚར་རྗེས་ཅིན་ཧྲ་སཱ་གྲོང་ཁྱེར་དེ་ས་མཚམས་གསར་པ་ཞིག་ཏུ་གྱུར་ནས་ཀྲུང་གོ་དང་ཁོང་གོ་ཅིན་རྒྱལ་ཁབ་གཉིས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་མཉམ་ལས་ཐད་ཀྱི་མིང་བྱང་གསར་བ་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཡོད། ཆིས་སེད་ཁི་ཏིས་ཀྱིས་ན་ནིང་ཟླ5པར་རྒྱལ་ཁའི་ངང་ཀྲུང་གོར་འཚམས་འདྲིར་བྱས་རྗེས། ཀྲུང་གོ་དང་ཁོང་གོ་ཅིན་བར་གྱི་ཆབ་སྲིད་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་ཆེར་སོང་བ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གྲུབ་འབྲས་ཁྱོན་ཡོངས་ནས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་ལ། མཉམ་ལས་གྲུབ་འབྲས་མུ་མཐུད་དུ་མངོན་ཡོད་པ་རེད། ཀྲུང་གོ་དང་ཁོང་གོ་ཅིན་རྒྱལ་ཁབ་ཕྱོགས་གཉིས་ཀྱིས་ཕྱོགས་ཡོངས་ནས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་མུ་མཐུད་དུ་ཇེ་ཟབ་ཏུ་བཏང་བ་དང་བསྟུན་ནས། ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་གྱུར་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དོན་ངོ་མའི་ཐོག་ཁེ་ཕན་སྔར་ལས་མང་པོ་བསྐྲུན་རྒྱུ་རེད་ཟེར།

ཅིན་ཧྲ་སཱ་བསྐོར་པའི་ལམ་ཐིག་གི་གཞུང་ལམ་ལས་གཞིའི་ནང་དུ་ལྷོ་ནུབ་ཕྱོགས་ཀྱི་ལམ་ཐིག་དང་ཤར་ལྷོ་ཕྱོགས་ཀྱི་ལམ་ཐིག་ཚུད་ཡོད་ལ། སྤྱིའི་རིང་ཚད་ལ་སྤྱི་ལེ66ཙམ་ཡོད་པ་རེད། ལས་གཞི་དེར་ཀྲུང་གོའི་ཀྲུང་ཐའེ་དང་ཀྲུང་གོའི་གློག་འཛུགས་སོགས་ཀྲུང་གོའི་ཁེ་ལས་དང་ཁོང་གོ་ཅིན་གྱི་གཏེར་ལས་ཀུང་སིས་མཉམ་དུ་བཙུགས་པའི་ཧྭ་ཀང་གཏེར་ལས་མ་རྐང་ཚད་ཡོད་ཀུང་སིས་མ་དངུལ་བཏང་བ་ཞིག་རེད། ལས་གཞི་དེ་ལས་ནས་གྲུབ་རྗེས་ཅིན་ཧྲ་སཱ་ཡི་འགྲིམ་འགྲུལ་ལ་བཀག་རྒྱ་མང་པོའི་གནད་དོན་ཕན་འབྲས་ལྡན་པའི་སྒོ་ནས་ཐག་གཅོད་ཐུབ་རྒྱུ་ཡིན་པ་དང་། ལམ་རྒྱུད་ཀྱི་སྡོད་དམངས་རྣམས་འགྲོ་སྐྱོད་བྱེད་པར་སྟབས་བདེའི་ཆ་རྐྱེན་འདོན་སྤྲོད་གང་ལེགས་བྱས་ལ། ཅིན་ཧྲ་སཱའི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་འཇགས་ཡོང་བར་རོགས་རམ་བྱེད་ཐུབ་རྒྱུ་རེད།

ཚེ་རིང་སྒྲོལ་མས་བསྒྱུར།