དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་དུ་འཇབ་རྒོལ་བྱས་ནས་ཉུང་མཐར་ཡང་མི་ཞེ་གཉིས་རྐྱེན་ལམ་དུ་ཤོར།
2024.06.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འབྲེལ་ཡོད་མི་སྣས་ཚེས་ཉེར་གཉིས་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་བྱང་ཕྱོགས་ཀྱི་ཅཱ་ཧྲ་མཁར་གྱི་ས་ཁུལ་མང་བོར་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་ཞེ་གཉིས་རྐྱེན་ལམ་དུ་ཤོར།

གནས་ཚུལ་ཤེས་མཁན་གྱིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་མཁར་གྱི་ནུབ་ངོས་ཀྱི་ཧྲ་ཐིས་ཡུལ་གྱར་བའི་སྒར་སའི་སྡོད་དམངས་ཐང་ཆེན་ཞིག་དང་ཅཱ་ཧྲའི་བྱང་ཤར་ཕྱོགས་ཀྱི་ཐུའུ་ཧྥ་སྡེ་ཁུལ་གྱི་ཐོག་ཁང་མང་བོར་བར་སྣང་འཇབ་རྒོལ་བྱས་ཏེ། རིམ་བསགས་ཀྱིས་ཉུང་མཐར་ཡང་མི་ཞེ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། འདས་པོའི་གྲས་སུ་བུད་མེད་དང་བྱིས་པ་ཡོད་ལ། འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས22ཉིན་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་མཚོན་ཆ་ཙམ་ཡང་མེད་པའི་མི་སེར་དཀྱུས་མ་དམིགས་འབེན་དུ་བཟུང་ནས། བྱིས་པ་དང་བུད་མེད། རྒན་པ་བཅས་དམར་གསོད་བཏང་ཡོད་ལ། བསྟུད་མར་ཉིན་འགའི་རིང་ལ་ཧྲ་ཐིས་ཡུལ་གྱར་བའི་སྒར་ས་དང་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་གྱི་ནུབ་བྱང་ཕྱོགས་ཀྱི་མཱ་ཝ་ཞི་ས་ཁུལ་དུ་འགས་གཏོར་བཏང་ནས་མི་བཅུ་ཕྲག་འགའ་རྐྱེན་ལམ་དུ་ཤོར་ཡོད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས22ཉིན་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཅཱ་ཧྲ་རུ་ཡོད་པའི་ཧཱ་མཱ་སིའི་དམག་དོན་རྨང་གཞིའི་སྒྲིག་ཆས་གཉིས་ལ་འཇབ་རྒོལ་བྱས་ཡོད་ལ། རྗེས་མཐུད་ཀྱི་གནས་ཚུལ་ནང་དུ་ཞིབ་མོར་བསྒྲགས་ཡོང་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།