སུའུ་ཏན་དབུས་ཕྱོགས་ཀྱི་སྡེ་བ་ཞིག་ཏུ་འཇབ་རྒོལ་ཐེབས་ནས་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།
2024.06.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

སུའུ་ཏན་དབུས་ཕྱོགས་ཀྱི་ཅེ་ཅི་ལཱ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཝ་ཏི་མེད་ཏཱ་ནེ་ཡི་ས་གནས་རྩ་འཛུགས་ཝ་ཏི་མེད་ཏཱ་ནེ་ངོ་རྒོལ་ཨུ་ཡོན་ལྷན་ཁང་གིས་ཚེས22ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ་བཤད་རྒྱུར། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚེས21ཉིན་མངའ་སྡེ་དེའི་སྡེ་བ་ཞིག་ལ་འཇབ་རྒོལ་བྱས་ཏེ། མི་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར།

རྩ་འཛུགས་དེས་བཤད་རྒྱུར། དོན་རྐྱེན་བྱུང་སྐབས་སྡེ་མི་དག་གིས་དབྱི་སི་ལན་ཆོས་ཁང་དུ་གསོལ་འདེབས་བྱས་ཚར་མ་ཐག་པའི་སྐབས་ཡིན་ལ། དོན་རྐྱེན་དེ་བྱུང་རྗེས་སྡེ་མི་མང་བོ་སྡེ་བ་དེ་ནས་བྲོས་བྱོལ་མི་བྱེད་ཐབས་མེད་བྱུང་ཡོད་ཟེར། གནས་ཚུལ་དངོས་སུ་མཐོང་མཁན་ཞིག་གིས་གསར་འགོད་པར་བཤད་རྒྱུར། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་དབྱི་སི་ལན་ཆོས་ཁང་ནས་ཕྱིར་བུད་པའི་མི་སེར་དཀྱུས་མར་མེ་མདས་བརྒྱབ་སྟེ། མི་བརྒྱད་ཅུ་ལྷག་ལ་རྨས་ཕོག་ཡོད་ལ། དེའི་ནང་མི་མང་ཆེ་བའི་རྨས་སྐྱོན་ཚབས་ཆེན་རེད་ཟེར།

ན་ནིང་ཟླ12པར། སུའུ་ཏན་དྲག་ཆས་དམག་དཔུང་ཝ་ཏི་མེད་ཏཱ་ནེ་གྲོང་ཁྱེར་ནས་ཕྱིར་འཐེན་བྱས་རྗེས། འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཅེ་ཅི་ལཱ་མངའ་སྡེ་བཙན་བཟུང་བྱས་པ་རེད། དེའི་རྗེས་སུ་སུའུ་ཏན་དྲག་ཆས་དམག་དཔུང་གིས་མངའ་སྡེ་དེའི་ཚོད་འཛིན་དབང་ཆ་ཕྱིར་འཕྲོག་ལེན་བྱེད་པའི་ཆེད་དུ་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་བར་རྒྱུན་པར་འཁྲུག་རྩོད་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།