ཡའེ་མིན་ཧུའུ་སའེ་དྲག་ཆས་པས་མཚོ་དམར་དུ་ཨ་མེ་རི་ཁའི་དམག་དཔུང་གི“ཨའེ་སིན་ཧོད་ཝེ་ཨར”རྟགས་ཅན་གྱི་གྲུ་གཟིངས་ལ་འཇབ་རྒོལ་བྱས་པར་བཤད།
2024.06.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

སཱ་ནཱ་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཡའེ་མིན་ཧུའུ་སའེ་དྲག་ཆས་པའི་མགྲིན་ཚབ་པ་ཡའེ་ཧའེ་ཡཱ.སཱ་ལེ་ཡཱ་ཡིས་ཚེས22ཉིན་གསལ་བསྒྲགས་སྤེལ་ནས་བཤད་པ་ལྟར་ན། རྩ་འཛུགས་དེ་ཡིས་འཕུར་མདའ་བཀོལ་ནས་མཚོ་དམར་དུ་ཨ་མེ་རི་ཁའི་དམག་དཔུང་གི“ཨའེ་སིན་ཧོད་ཝེ་ཨར”རྟགས་ཅན་གྱི་གྲུ་གཟིངས་ལ་འཇབ་རྒོལ་བྱས་ཟེར།

སཱ་ལེ་ཡཱ་ཡིས་འཇབ་རྒོལ་བྱས་པའི་བྱེ་བྲག་གི་དུས་ཚོད་མ་བཤད་ཡང་དམིགས་འབེན་རྒྱལ་ཁའི་ངང་འགྲུབ་པ་ནན་བཤད་བྱས།

ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་གནས་སྐབས་སུ་གཞུང་ཕྱོགས་ཀྱི་ལན་ཅི་ཡང་བཏབ་མེད། འོན་ཀྱང་ཨ་མེ་རི་ཁའི་དཔོན་དམག་ཞིག་གིས་ལུའུ་ཐི་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས“ཨའེ་སིན་ཧོད་ཝེ་འར”རྟགས་ཅན་གྱི་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་པ་ཁས་ལེན་མ་བྱས། གཞན་ཡང་ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་ཚེས22ཉིན་ཨ་མེ་རི་ཁའི་དམག་དཔུང་ལ་རོགས་སྐྱོར་བྱེད་མཁན་མི་སྣ་ཞིག་གིས་བཤད་པ་ལྟར་བསྒྲགས་པ་ལྟར་ན། མཚོ་དམར་དུ་ཟླ8ལྷག་གི་རིང་ལ་བཀོད་སྒྲིག་བྱས་པའི“ཨའེ་སིན་ཧོད་ཝེ་འར”རྟགས་ཅན་གྱི་གྲུ་གཟིངས་དེ་ཨ་མེ་རི་ཁའི་ཧྥོ་ཅི་ཉི་ཡཱ་ཀྲིག་གི་ནོ་ཧྥུའུ་ཁི་ཡི་གྲུ་ཁར་ཐོན་ཡོད། མིག་སྔར། གྲུ་གཟིངས་དེ་སུའུ་དབྱི་ཧྲི་གཙང་བོ་བརྒྱུད་དེ་ས་དབུས་རྒྱ་མཚོར་བསྐྱོད་ཟེར།

ཧུའུ་སའེ་དྲག་ཆས་པས་དེའི་སྔོན་གྱི་ཟླ5པའི་ཚེས31ཉིན་ཡང“ཨའེ་སིན་ཧོད་ཝེ་འར”རྟགས་ཅན་གྱི་གྲུ་གཟིངས་ལ་འཇབ་རྒོལ་བྱས་པ་ཁྱབ་བསྒྲགས་བྱས་པ་དང་། ཨ་མེ་རི་ཁའི་དམག་དཔུང་གིས་གཞུང་ཕྱོགས་ཀྱིས་དེར་ལན་མ་བཏབ།

དེ་ལས་གཞན། སཱ་ལེ་ཡཱ་ཡིས་ཚེས22ཉིན་ད་དུང་བཤད་རྒྱུར། ཧུའུ་སའེ་དྲག་ཆས་པས་ཨ་རབ་རྒྱ་མཚོར་སྐྱོད་པའི“སའི་གོ་ལར་བསྐོར་བའི་སྣེ་ཁྲིད་པ”རྟགས་ཅན་གྱི་དངོས་ཟོག་སྐྱེལ་འདྲེན་གྲུ་གཟིངས་ཞིག་ལའང་འཇབ་རྒོལ་བྱས་ཟེར།

དབྱིན་ཇིའི་མཚོ་ཐོག་ཉོ་ཚོང་བྱ་སྤྱོད་གཞུང་སྒྲུབ་ཁང་གིས་ཚེས22ཉིན་ཁྱབ་སྒྲོག་བྱས་པ་ལྟར་ན། ཡཱ་ཏེན་མཚོ་ཁུག་བརྒལ་བའི་ཚོང་གྲུ་ཞིག་གིས་ཚེས21ཉིན་གྲུ་གཟིངས་ཀྱི་ཉེ་འགྲམ་དུ་འགས་གཏོར་བྱུང་བ་ཤེས་རྟོགས་བྱུང་བ་དང་། གྲུ་པས་སྙན་ཞུ་བྱས་པ་ལྟར་ན། མི་ཚང་མ་བདེ་འཇགས་ཡིན་ལ། གྲུ་གཟིངས་དེ་གྲུ་ཁ་རྗེས་མར་སོང་ནས་ངལ་གསོ་བྱས་ཡོད་ཟེར།

ན་ནིང་གི་ཟླ10པར་རེས་འཁོར་གསར་པའི་པཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་གཏུག་བྱུང་རྗེས། ཧུའུ་སའེ་དྲག་ཆས་པས་མི་མེད་གནམ་གྲུ་དང་འཕུར་མདའ་སྤྱད་དེ་མཚོ་དམར་དམིགས་འབེན་ལ་འཇབ་རྒོལ་ཐེངས་མང་བྱས། ད་ལོའི་ཟླ1པོའི་ཚེས12ཉིན་ནས་བཟུང་ཨ་མེ་རི་ཁ་དང་དབྱིན་ཇིས་ཧུའུ་སའེ་ཡི་དྲག་ཆས་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱས་ཏེ། མི་སྣར་ཤི་རྨས་བཟོས། རྒྱལ་ཁབ་ཁ་ཤས་ཀྱིས་ཨ་མེ་རི་ཁ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་། དེ་ནི་ཡའེ་མིན་གྱི་བདག་དབང་ལ་གནོད་འཚེ་བཏང་བ་ཡིན་པས། ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་འགྲོ་སྲིད་པར་ངོས་འཛིན་བཞིན་ཡོད།

ཡིག་སྒྱུར་པ། ཚེ་རིང་སྒྲོལ་མ།