སའེ་ཝ་སི་ཐའོ་པོའར་རུ་འཕུར་མདེལ་གྱི་འཇབ་རྒོལ་ཐེབས་ནས་མི3རྐྱེན་ལམ་དུ་ཤོར་བ་དང་མི124ལ་རྨས་སྐྱོན་ཕོག
2024.06.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཚེས23ཉིན་ཐཱ་སི་གསར་འགྱུར་ཁང་གིས་ཨུ་རུ་སིའི་འཕྲོད་བསྟེན་པུའུ་ཡི་གནས་ཚུལ་དྲངས་པ་ལྟར་ན། མཚོ་ནག་གྲུ་ཁའི་གྲོང་ཁྱེར་སའེ་ཝ་སི་ཐའོ་པོའར་ལ་ཉིན་དེར་འཕུར་མདེལ་གྱི་འཇབ་རྒོལ་ཐེབས་ནས་མི3རྐྱེན་ལམ་དུ་ཤོར་བ་དང་དེའི་ནང་བྱིས་པ2ཡོད། མི124ལ་རྨས་སྐྱོན་ཕོག་པའི་ནང་བྱིས་པ27ཡོད་པ་རེད།

གནས་ཚུལ་སྤེལ་བའི་ནང་སའེ་ཝ་སི་ཐའོ་པོའར་གྲོང་ཁྱེར་གྱི་ཧྲི་ཀྲང་ལཱ་ཙི་ཝོ་ཀྲ་ཡེ་ཧྥུའུ་ཡི་སྐད་ཆ་དྲངས་ནས་བཤད་རྒྱུར། གྲོང་ཁྱེར་དེའི་མཁའ་ཟོན་མ་ལག་གིས་མཁའ་དབྱིངས་ཀྱི་དམིགས་འབེན5མེད་པར་བཟོས་པ་དང་། སར་འཕང་བའི་གནམ་གྲུའི་ཆག་རོ་མཚོ་འགྲམ་ས་ཁུལ་དུ་ལྷུང་ནས་མི་སྣ་ཤི་རྨས་བྱུང་ཡོད་ལ། མིག་སྔར་རོགས་སྐྱོབ་བྱ་སྤྱོད་སྤེལ་བཞིན་ཡོད་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་ནས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་ཉིན་དེར་ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པའི་འཕུར་མདེལ་སྤྱད་དེ་སའེ་ཝ་སི་ཐའོ་པོའར་གྱི་གྲོང་མིའི་སྒྲིག་ཆས་ལ་འཇབ་རྒོལ་བྱས་པ་དང་། གྲོང་ཁྱེར་དེའི་མཁའ་ཟོན་མ་ལག་གིས་དེའི་ནང་གི་འཕུར་མདེལ4གཏོར་བ་དང་འཕུར་མདེལ་གཞན་ཞིག་འཕུར་སྐྱོད་ལམ་ཐིག་དང་བྲལ་རྗེས་གྲོང་ཁྱེར་གྱི་མཁའ་དབྱིངས་སུ་འབར་གས་བྱུང་ཡོད་ལ། འཕུར་མདེལ་གྱི་ཆག་རོ་ཡིས་མི་སེར་ལ་རྨས་སྐྱོན་བཟོས་ཡོད། ཨུ་རུ་སི་ཕྱོགས་ཀྱིས་འཇབ་རྒོལ་དེའི་ཐད་ནས་ལན་འདེབས་རྒྱུ་ཡིན་ཟེར། 

ཝུའུ་ཁི་ལན་ཕྱོགས་ཀྱིས་མིག་སྔར་ད་ཐེངས་ཀྱི་འཇབ་རྒོལ་སྤེལ་བ་ར་སྤྲོད་བྱས་མེད།

ཤ་བོ་གསེར་མཚོས་བསྒྱུར།