ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་མཚོ་དམར་དང་ཧིན་རྡུ་རྒྱ་མཚོ་ནས་དངོས་སྐྱེལ་གྲུ་གཟིངས་གཉིས་ལ་འཇབ་རྒོལ་བྱས་པའི་ཚུལ་བསྟན།
2024.06.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། རྩ་འཛུགས་དེས་མཚོ་དམར་དང་ཧིན་རྡུ་རྒྱ་མཚོ་ནས་དངོས་སྐྱེལ་གྲུ་གཟིངས་གཉིས་ལ་འཇབ་རྒོལ་བྱས་ཟེར།

སཱ་ལོས་ཡཱ་ཡིས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་མི་བསྡད་མེད་པའི་གྲུ་གཟིངས་བཀོལ་ནས་མཚོ་དམར་དུ་བགྲོད་པའི་སའི་གོ་ལའི་འགྲུལ་བཞུད་པ་རྟགས་ཅན་གྱི་དངོས་སྐྱེལ་གྲུ་གཟིངས་ལ་འཇབ་རྒོལ་བྱས་པ་དང་། འཕུར་མདའ་བཀོལ་ནས་ཧིན་རྡུ་རྒྱ་མཚོར་བགྲོད་པའི་སི་ཐའོ་ཨར་ཐི་གསོམ་དམར་རྟགས་ཅན་གྱི་དངོ་སྐྱེལ་གྲུ་གཟིངས་ལ་འཇབ་རྒོལ་བྱས་ཟེར། སཱ་ལོས་ཡཱ་ཡིས་འཇབ་རྒོལ་དེ་གཉིས་ཀྱི་བྱེ་བྲག་གི་དུས་ཚོད་གསལ་བོར་བསྒྲགས་མེད་པ་དང་། གྲུ་གཟིངས་དེ་གཉིས་ལ་འཇབ་རྒོལ་བྱེད་དོན་ནི་གྲུ་གཟིངས་དེ་གཉིས་གཏོགས་སའི་མཚོ་ཐོག་སྐྱེལ་འདྲེན་ཀུང་ཟིའི་གྲུ་གཟིངས་གཞན་པ་དབྱི་སི་རལ་གྱི་གྲུ་ཁར་བསྡད་ཡོད་པས་ཡིན་ཟེར།

ཡེ་མིན་སྲིད་གཞུང་གི་མཚོ་འགྲམ་ཉེན་སྲུང་རུ་ཁག་གི་དམག་དཔོན་ཞིག་གིས་ཚེས་ཉེར་གསུམ་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བདེན་དཔང་བྱས་དོན། ལི་པུ་ཡཱའི་རྒྱལ་དར་བཀལ་བའི་སའི་གོ་ལའི་འགྲུལ་བཞུད་པ་རྟགས་ཅན་གྱི་དངོས་སྐྱེལ་གྲུ་གཟིངས་ལ་ཉིན་དེའི་སྔ་དྲོར་ཧུའུ་སེ་དྲག་ཆས་པའི་འཇབ་རྒོལ་ཐེབས་པ་དང་། གྲུ་གཟིངས་ལ་གཏོར་བརླག་ཐེབས་ཀྱང་མི་སྣར་ཤི་རྨས་བཟོས་མེད་ཟེར། དམག་དཔོན་དེས་བཤད་རྒྱུར། དངོས་སྐྱེལ་གྲུ་གཟིངས་དེ་ཚེས་ཉེར་གཉིས་ཉིན་ཡཱ་ཏེན་མཚོ་ཁུགས་སུ་བགྲོད་སྐབས་ཧུའུ་སེ་དྲག་ཆས་པའི་འཕུར་མདའི་འཇབ་རྒོལ་ཐེབས་པ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།