དབྱི་རག་དམག་ཕྱོགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གསུམ་བསད།
2024.06.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

དབྱི་རག་དམག་ཕྱོགས་ཀྱིས་ཚེས་ཉེར་གསུམ་ཉིན་ཤར་ཕྱོགས་ཀྱི་ཏིས་ཡཱ་ལཱ་ཞིང་ཆེན་དུ་འཇབ་རྒོལ་བྱས་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གསུམ་བསད་ཟེར།

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡི་ཁོངས་སུ་གཏོགས་པའི་བདེ་འཇགས་སྨྱན་བྱད་ལྟེ་གནས་ཀྱིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་མཁའ་དམག་གིས་ཉིན་དེར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་ཉེས་ཅན་གྱི་ཏིས་ཡཱ་ལཱ་ཞིང་ཆེན་རི་ཁུལ་དུ་ཡོད་པའི་སྦས་སྐོང་བྱེད་སར་བར་སྣང་འཇབ་རྒོལ་བྱས་ཏེ། རྩ་འཛུགས་དེའི་དྲག་ཆས་ཉེས་ཅན་སྦས་སྐོང་བྱེད་ས་གཏོར་བཤིག་བཏང་བར་མ་ཟད། མཚོན་ཆ་དང་མཁོ་སྒྲུབ་དངོས་པོ་སོགས་མེད་པར་བཏང་ཡོད་ཟེར།

ཏིས་ཡཱ་ལཱ་ཞིང་ཆེན་གྱི་བདེ་འཇགས་སྡེ་ཁག་གི་འབྲེལ་ཡོད་མི་སྣས་གསར་འགོད་པར་བཤད་རྒྱུར། དབྱི་རག་གི་མཁའ་དམག་གིས་ཉིན་དེའི་དམག་དོན་འགུལ་སྐྱོད་ཁྲོད་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གསུམ་བསད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།