དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་ཉེར་གསུམ་ཉིན་དབྱི་སི་རལ་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་ནས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་བར་གྱི་འཁྲུག་རྩོད་དྲག་པོ་མཇུག་སྒྲིལ་ལ་ཉེ་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་དབྱི་སི་རལ་གྱི་འཕྲིན་ལམ་བཅུ་བཞི་བའི་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གི་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་དང་བཅས་པའི་ཅཱ་ཧྲ་ས་ཁུལ་ཧྲིལ་བོའི་ཧཱ་མཱ་སིའི་བར་གྱི་འཁྲུག་རྩོད་དྲག་པོ་མཇུག་སྒྲིལ་ལ་ཉེ་ཟེར། ཡིན་ཡང་ཁོས་དེ་ནི་དབྱི་སི་རལ་ཕྱོགས་ཀྱི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཇུག་སྒྲིལ་བའི་མཚོན་རྟགས་མིན་ལ། དབྱི་སི་རལ་དམག་དཔུང་གིས་མུ་མཐུད་དུ་ཧཱ་མཱ་སིའི་དམིགས་འབེན་ལ་ཆམ་ཕབ་གཏོང་རྒྱུ་ཡིན་པ་ནན་བཤད་བྱས།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་དྲག་པོ་མཇུག་སྒྲིལ་རྗེས། དམག་ཤུགས་སྐོར་ཞིག་བྱང་ཕྱོགས་ཀྱི་ལེ་པཱ་ནུན་གྱི་མཐའ་མཚམས་ས་ཁུལ་དུ་བཀོད་སྒྲིག་བྱས་ནས། དབྱི་སི་རལ་གྱི་འགོག་སྲུང་དམིགས་ཡུལ་དུ་བསླེབས་པར་བྱེད་རྒྱུ་མ་ཟད། ཕྱིར་འཐེན་བྱས་པའི་དབྱི་སི་རལ་གྱི་སྡོད་དམངས་དག་སྔ་མོར་རང་ཁྱིམ་དུ་ལོག་ཏུ་འཇུག་རྒྱུ་ཡིན་ཟེར། ཁོས་བསྟན་དོན། གལ་ཏེ་རུང་ན་ང་ཚོས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དོན་དེར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། གལ་ཏེ་མངོན་འགྱུར་བྱེད་ཐབས་མེད་ན་ང་ཚོས་བྱེད་ཐབས་གཞན་པ་སྤྱོད་ངེས་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།