ཕུའུ་ཐའོ་ཡཱའི་དཔོན་རིགས་ཀྱིས་ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་འཕེལ་རྒྱས་བར་སྟོང་རྒྱ་ཆེན་པོ་ཡོད་པའི་ཚུལ་བསྟན།
2024.06.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཕུའུ་ཐའོ་ཡཱའི་པའོ་ཨར་ཐུའུ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཨ་ལའོ་རོའུ་ཡིས་ཉེ་སྔོན་བསྟན་དོན། ཕུའུ་ཐའོ་ཡཱ་དང་ཀྲུང་གོའི་བར་ལོ་རྒྱུས་དང་རིག་གནས་ཀྱི་མཛའ་འབྲེལ་ཟབ་མོ་ལྡན་པ་དང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་འཕེལ་རྒྱས་ཀྱི་བར་སྟོང་ཆེན་པོ་ཡོད་ཟེར།

ཨ་ལའོ་རོའུ་ཡིས་པའོ་ཨར་ཐུའུ་ཡིས་སྤེལ་བའི་བྱ་འགུལ་ཅིག་གི་སྟེང་བཤད་རྒྱུར། ཀྲུང་གོ་ནི་ཕུའུ་ཐའོ་ཡཱའི་ཨེ་ཤ་ཡཱའི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོ་ཡིན་པ་དང་། ཕུའུ་ཐའོ་ཡཱ་ནི་ཡོ་རོབ་གླིང་དུ་ཀྲུང་གོའི་དངུལ་གཏོང་དང་ལེན་བྱས་ཚད་ཆེས་མང་བའི་རྒྱལ་ཁབ་ཅིག་ཡིན། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་མཉམ་ལས་ལ་སྔར་བཞིན་བར་སྟོང་དང་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་གཞི་གྲངས་ཐོན་ལས་དང་ལྷད་མེད་དཔལ་འབྱོར། ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་དང་བདེ་ཐང་ཐོན་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཕུའུ་ཐའོ་ཡཱ་ལ་ཁྱབ་ཁོངས་དེ་དག་ཏུ་འཇོན་མི་དང་ཤེས་བྱ། ལག་རྩལ། གསར་གཏོད་བཅས་ཀྱི་ཁྱད་སྟོབས་ཆེན་པོ་ཡོད་ཟེར།

ཕུའུ་ཐའོ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲའོ་པིན་ཐང་དང་། ཀྲུང་གོའི་མི་དམངས་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་ཝན་མེན་གཉིས་ཀྱིས་གཏམ་བཤད་གལ་ཆེན་སྤེལ་ཏེ། ཀྲུང་གོ་དང་ཕུའུ་ཐའོ་ཡཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་ལྔ་འགོར་བའི་རིང་ལ་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་བྱས་པའི་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་ལ་ཕྱིར་དྲན་བྱས། ལིས་སི་པིན་དུ་སྡོད་པའི་ཨོ་མིན་དཔལ་འབྱོར་ཉོ་ཚོང་དོན་གཅོད་ཁང་གི་ཀྲུའུ་རིན་ཅཱ་ཕའེ་ཨར་དང་ཧིན་ཆིན་དཔལ་འབྱོར་འཕེལ་རྒྱས་ཅུའུ་ཡི་ཅུའུ་ཀྲང་ལིས་ཙི་ཝེ་གཉིས་ཀྱིས་སོ་སོར་ཨོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་ཉེར་ལྔ་འགོར་བའི་རིང་བླངས་པའི་གྲུབ་འབྲས་དང་ཧིན་ཆིན་གྱི་ཀོང་ཀྲིག་དང་ཨོ་མིན་གྱི་མཉམ་ལས་གཏིང་ཟབ་སྤེལ་བའི་ས་ཁུལ་དེས་ཀྲུང་གོ་དང་ཕུའུ་ཐའོ་ཡཱའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་གོ་སྐབས་གསར་བ་བསྐྲུན་པ་མཚམས་སྦྱོར་བྱས།

ཐེངས་འདིའི་བྱ་འགུལ་ནི་ཕུའུ་ཐའོ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་པའོ་ཨར་ཐུའུ་གྲོང་ཁྱེར་སྲིད་གཞུང་། ཕུའུ་ཐའོ་ཡཱ་དང་ཀྲུང་གོའི་བཟོ་ཚོང་ཚོགས་པ། ཀྲུང་གོའི་དངུལ་གཏོང་ཁེ་ལས་མཐུན་ཚོགས་བཅས་ཀྱིས་མཉམ་དུ་སྤེལ་བ་ཡིན་ལ། ཀྲུང་གོ་དང་ཕུའུ་ཐའོ་ཡཱའི་ཆབ་སྲིད་དང་དཔལ་འབྱོར། རིགས་གཞུང་། ཁེ་ལས། སྨྱན་བྱད་བཅས་ལས་རིགས་ཀྱི་འཐུས་མི་བརྒྱ་ཙམ་བྱ་འགུལ་ལ་ཞུགས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།