ཨུ་རུ་སི་རྒྱལ་ཁབ་ཀྱི་གྲོས་ཁང་ཞོལ་མའི་གདན་ཞུས་ལྟར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཕིན་ཆིན་ཧྭ་ཡིས་ཟླ6པའི་ཚེས19ཉིན་ནས་ཚེས23ཉིན་བར་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཨུ་རུ་སིར་འཚམས་འདྲི་བྱས། དེའི་རིང་ཕིན་ཆིན་ཧྭ་ཡིས་ཨུ་རུ་སི་རྒྱལ་ཁབ་ཀྱི་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་ཝོ་ལའོ་ཅིན་དང་། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཁི་སཱ་ཆེ་ཧྥུའུ་ལ་ཐུག་འཕྲད་བྱས་པར་མ་ཟད། ཨུ་རུ་སི་རྒྱལ་ཁབ་ཀྱི་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་གཞོན་པ་པཱ་པཱ་ཁི་ཧྥུའུ་དང་མཉམ་དུ་ཀྲུང་ཨུའི་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་བྱ་བའི་ཚན་ཆུང་གི་ཚོགས་འདུ་ཐེངས་གཉིས་པར་མགོ་འཛིན་བྱས།
ཕིན་ཆིན་ཧྭ་ཡིས་བསྟན་དོན། ད་ལོ་ནི་ཀྲུང་ཨུའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་གི་འཐབ་ཇུས་སྣེ་ཁྲིད་འོག་ཀྲུང་ཨུའི་འབྲེལ་བ་རྒྱུན་མཐུད་ངང་ཆུ་ཚད་མཐོ་བའི་འཁོར་སྐྱོད་བྱེད་ཀྱི་ཡོད། ཀྲུང་ཨུའི་ཁྲིམས་འཛུགས་སྒྲིག་གཞིའི་མཉམ་ལས་ནི་རྒྱལ་ཁབ་གཉིས་ཀྱི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ་མཉམ་འབྲེལ་བྱ་བའི་ཚན་ཆུང་སོགས་ལམ་སྲོལ་ལས་སྟེགས་བེད་སྤྱད་གང་ལེགས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་ཐུན་མོང་མ་ཡིན་པའི་ལེགས་ཆ་དང་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས་ཀྲུང་ཨུའི་འབྲེལ་བ་བརྟན་པོ་དང་ཡུན་རིང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཨུ་རུ་སི་ཕྱོགས་ཀྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་རྒྱུ་རྩ་བའི་བརྩི་སྲུང་དུ་བྱས་ནས་ཕྱོགས་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་མཉམ་ལས་ཁྱབ་ཁོངས་སྔར་ལས་རྒྱ་ཆེར་གཏོང་རྒྱུ་དང་། ཨུ་རུ་སི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཟེར།
མཉམ་འབྲེལ་བྱ་བའི་ཚན་ཆུང་གི་ཕྱོགས་གཉིས་ཀྱི་ཁོངས་མིས་མཉམ་དུ་དོ་ཁུར་བྱེད་པའི་ཁྱབ་ཁོངས་གལ་ཆེན་གྱི་ཁྲིམས་འཛུགས་ཉམས་མྱོང་ཐད་བསམ་འཆར་བརྗེ་རེས་བྱས།
ཤ་བོ་གསེར་མཚོས་བསྒྱུར།