དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཧཱ་ལའེ་ཝེ་ཡིས་ཚེས24ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཚར་གཅོད་བྱེད་པའི་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་གྱི་དམག་དོན་སྟོབས་ཤུགས་མཇུག་སྒྲིལ་ལ་ཉེ་ཟེར།
ཧཱ་ལའེ་ཝེ་ཡིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ལཱ་ཧྥ་ཡི་འཐབ་འཁྲུག་ཁྲོད་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་དང་། དེ་ལས་འཇིགས་སྐུལ་ཉེས་ཅན་ཚར་གཅོད་བྱེད་པ་དང་རྨང་གཞིའི་སྒྲིག་ཆས་དང་ས་འོག་ཕུག་ལམ་གཏོར་བཤིག་བཏང་བའི་ཁ་གྲངས། དེ་མིན་ས་འོག་ཕུག་ལམ་གྱི་འཐབ་འཁྲུག་གྲུབ་འབྲས་བཅས་མངོན་པར་མཚོན་ཡོད། དབྱི་སི་རལ་གྱི་དམག་དཔུང་གིས་ཧཱ་མཱ་སི་ཚར་གཅོད་བྱེད་པའི་དམག་དོན་འགུལ་སྐྱོད་མཇུག་སྒྲིལ་ལ་ཉེ་བ་མངོན་གསལ་རེད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་མིག་སྔར་ཅཱ་ཧྲ་ས་ཁུལ་དང་ཨེ་ཅིབ་ཀྱི་མཐའ་མཚམས་ས་ཁུལ་གྱི་ཧྥེ་ཁྲིན་བར་ཁྱམས་ཧྲིལ་བོ་བདག་བཟུང་བྱས་ཡོད་པ་དང་། དེ་ཧཱ་མཱ་སིའི་མ་འོངས་པར་ལྐོག་འདྲེན་བྱ་འགུལ་མཚམས་འཇོག་ཏུ་འཇུག་པར་གལ་འགངས་ཆེ། དབྱི་སི་རལ་གྱི་དམག་དཔུང་གིས་མིག་སྔར་ཧཱ་མཱ་སིའི་ས་འོག་ཕུག་ལམ་དང་ས་འོག་བཟོ་བཀོད་གཏོར་བཤིག་གཏོང་བཞིན་ཡོད་ཟེར།
དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་དྲུག་པའི་ཚེས་བཅུ་བདུན་ཉིན་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ལཱ་ཧྥ་གྲོང་ཁྱེར་གྱི་བཅུ་ཆའི་དྲུག་ནས་བདུན་གྱི་ས་ཁུལ་བདག་བཟུང་བྱས་ཡོད་པ་དང་། ས་ཁུལ་དེའི་འཐབ་འཁྲུག་ཡོངས་འགྲུབ་བྱེད་པར་གཟའ་འཁོར་འགའི་དུས་ཚོད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།