མའོ་ལོ་ཀི་ཡིས་ཕཱ་ལེ་སི་ཐན་མི་དམངས་ལ་སྨན་བཅོས་རོགས་སྐྱོར་འདོན་སྤྲོད་བྱས།
2024.06.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

མའོ་ལོ་ཀིའི་ཕྱི་འབྲེལ་པུའུ་ཡིས་ཚེས24ཉིན་གསལ་སྒྲོག་སྤེལ་ཏེ། མའོ་ལོ་ཀིའི་རྒྱལ་བོ་མུའུ་ཧན་མའོ་ཏི་སྐུ་ཕྲེང་དྲུག་པའི་མཛུབ་སྟོན་ལྟར་ན། མའོ་ལོ་ཀི་ཡིས་ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་མི་དམངས་ལ་མི་ཆོས་རིང་ལུགས་ཀྱི་སྨན་བཅོས་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།

གསལ་སྒྲོག་ལས་བཤད་རྒྱུར། མའོ་ལོ་ཀི་ཡིས་འདོན་སྤྲོད་བྱས་པའི་སྨན་བཅོས་དངོས་རྫས་ཏུན40ནང་བསྲེག་རྨས་ཐེབས་པ་དང་ཕྱི་ནད་ཚན་ཁག རྨས་སྐྱོན་ཕོག་པ་བཅས་ཀྱི་མྱུར་མཁོའི་སྒྲིག་ཆས་དང་གཞི་རྩའི་སྨན་རྫས་ཡོད་པ་དང་། མི་དར་མ་དང་བྱིས་པར་བཀོལ་ཆོག་པ་ཡིན་ཟེར།

མའོ་ཧན་མའོ་ཏི་སྐུ་ཕྲེང་དྲུག་པས་རང་ཉིད་མི་སྒེར་གྱི་ཐེབས་རྩ་ལས་རོགས་སྐྱོར་ལ་མཁོ་བའི་གྲོན་དངུལ་མང་ཆེ་བ་རྩིས་སྤྲོད་བྱས་པ་དང་། སྨན་བཅོས་རོགས་སྐྱོར་དེ་སྐམ་སའི་སྐྱེལ་འདྲེན་ལམ་ཐིག་བརྒྱུད་དེ་ཕ་ལེ་སི་ཐན་གྱི་མང་ཚོགས་ལ་འདོན་སྤྲོད་བྱེད་རྒྱུ་ཡིན་ལ། ད་ལོའི་ཟླ་གསུམ་པར་མའོ་ལོ་ཀི་ཡིས་ཕཱ་ལེ་སི་ཐན་མང་ཚོགས་ལ་ཟས་རིགས་རོགས་སྐྱོར་འདོན་སྤྲོད་བྱས་པའི་ལམ་ཐིག་དང་གཅིག་འདྲ་ཡིན་པ་རེད།

གཞན་ཡང་མའོ་ལོ་ཀིའི་དམག་ཕྱོགས་ཀྱིས་འདོན་སྤྲོད་བྱས་པའི་གནས་ཚུལ་ལྟར་ན། མའོ་ལོ་ཀི་ཕྱོགས་ཀྱིས C-130རྟགས་ཅན་གྱི་སྐྱེལ་འདྲེན་གནམ་གྲུ་འགའ་མངག་ནས་སྨན་བཅོས་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་པའི་བྱ་བར་ཞུགས་རྒྱུ་ཡིན་ཟེར།

ད་ལོའི་ཟླ3པར། མའོ་ལོ་ཀི་ཡིས་ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་མང་ཚོགས་ལ་མི་ཆོས་རིང་ལུགས་ཀྱི་ཟས་རིགས་རོགས་སྐྱོར་ཏུན40ལྷག་འདོན་སྤྲོད་བྱས་པ་དང་། རོགས་སྐྱོར་དངོས་རྫས་དེ་བར་སྣང་ནས་དབྱི་སི་རལ་གྱི་ཐི་ལཱ་ཝེ་ཧྥུའུ་རུ་བསྐྱལ་བ་ཡིན་ལ། དེའི་རྗེས་སུ་དབྱི་སི་རལ་དང་ཅཱ་ཧྲ་ས་ཁུལ་བར་གྱི་ཁའེ་ལོས་མུའུ་ཧྲ་ལོ་མུའུ་གྲུ་ཁ་བརྒྱུད་དེ་ཅཱ་ཧྲ་ས་ཁུལ་དུ་བསྐྱལ་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།