མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཚེས24ཉིན་གྲོས་ཆོད་ཅིག་བཀོད་དེ། རྒྱལ་ཁབ་སོ་སོས་མྱུར་དུ་འགུལ་སྐྱོད་སྤེལ་བ་དང་། གཞུང་ལམ་བདེ་འཇགས་འགུལ་སྐྱོད་ཀྱི་ལོ་བཅུའི་འཛམ་གླིང་ཡོངས་ཀྱི་འཆར་གཞི་ལག་བསྟར་བྱས་ནས། འཛམ་གླིང་ཡོངས་ཀྱི་འགྲིམ་འགྲུལ་དོན་རྐྱེན་ལས་བཟོས་པའི་ཤི་རྨས་ཇེ་ཉུང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཉིན་དེར་འཛམ་གླིང་ཡོངས་ཀྱི་གཞུང་ལམ་བདེ་འཇགས་ལེགས་བཅོས་བྱེད་པའི་གྲོས་ཆོད་དེར་གྲོས་མཐུན་བཀོད་དེ། ཁོངས་གཏོགས་རྒྱལ་ཁབ་དང་འབྲེལ་ཡོད་ཚོགས་པས་མྱུར་མོར་འཛམ་གླིང་ཡོངས་ཀྱི་འཆར་གཞི་ལག་བསྟར་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། གཞུང་ལམ་བདེ་འཇགས་དེ་ཆབ་སྲིད་ཀྱི་ལས་དོན་གཙོ་བོར་བྱེད་དགོས་པའི་སྐུལ་མ་བཏང་།
གྲོས་ཆོད་ལས་ད་རུང་འབྲེལ་ཡོད་ཀྱི་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་བཏོན་མེད་པའི་ཁོངས་གཏོགས་རྒྱལ་ཁབ་དག་གིས་བདེ་སྲུང་སྐ་རགས་དང་བྱིས་པའི་བདེ་འཇགས་རྐུབ་སྟེགས། བདེ་འཇགས་ཞྭ་མོ་བཅས་བེད་སྤྱོད་མི་བྱེད་པ་དང་། ཆང་འཐུང་ནས་རླངས་འཁོར་བསྐོར་བ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་ཁྲིམས་འཛུགས་བྱེད་པར་བསམ་བློ་གཏོང་དགོས་པར་མ་ཟད། རྒྱལ་ཁབ་སོ་སོས་པུའུ་ཀྲང་རིམ་པའི་མཐུན་སྦྱོར་རྐྱེན་སྲོལ་བཙུགས་ནས། ཁྱབ་ཁོངས་བརྒལ་བའི་གནད་དོན་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས2021ལོའི་ཟླ10བར་སྤེལ་བའི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་འགུལ་སྐྱོད་ཀྱི་ལོ་བཅུའི་འཛམ་གླིང་ཡོངས་ཀྱི་འཆར་གཞི་ལས། རྒྱལ་ཁབ་སོ་སོས་བྱེད་ཐབས་སྤྱོད་དགོས་པའི་འབོད་སྐུལ་བཏང་བ་དང་། ཆེས་འཕྱི་ཡང་ན2030ལོའི་བར་གཞུང་ལམ་འགྲིམ་འགྲུལ་གྱི་ཤི་རྨས་མི་གྲངས་དེ་བརྒྱ་ཆའི་ལྔ་བཅུ་ཇེ་ཉུང་དུ་གཏོང་རྒྱུའི་རེ་བ་བཏོན་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ན་ནིང་ཟླ12པར་སྤེལ་བའི་སྙན་ཞུ་ལྟར་ན། 2021ལོར་འཛམ་གླིང་ཡོངས་སུ་མི་ཁྲི119ཙམ་འགྲིམ་འགྲུལ་དོན་རྐྱེན་ལས་རྐྱེན་ལམ་དུ་ཤོར་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།