ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འཆར་གཞི་དེ་མ་དངུལ་དཀོན་པའི་གནད་དོན་དོན་ཚབས་ཆེན་ལ་འཕྲད་ཡོད་པའི་ཚུལ་བསྟན།
2024.06.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས25ཉིན་བཤད་རྒྱུར། ད་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་རོགས་སྐྱོར་ཀྱི་འཆར་གཞིར་མེ་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་བརྒྱད་མཁོ་ཡང་། ད་ལྟའི་བར་ལོ་ཕྱེད་འདས་ཀྱང་ཞལ་འདེབས་འབུལ་མཁན་གྱིས་རོགས་སྐྱོར་འཆར་གཞི་དེའི་ཐད་མེ་སྒོར་ཐེར་འབུམ་བརྒྱད་མ་གཏོགས་བཏང་མེད་ཟེར།

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱིས་སྤེལ་བའི་མི་ཆོས་རིང་ལུགས་ལས་དོན་གྱི་འབྲེལ་ཡོད་བྱ་འགུལ་སྟེང་བརྙན་རིས་ཞུ་ཚིག་ཕུལ་ཏེ། ད་ལོ་ནི་རི་ནེ་ཝའི་སྤྱི་ཆིངས་བཀོད་ནས་ལོ་ངོ་དོན་ལྔ་འགོར་བའི་ལོ་ཡིན་ཀྱང་། འཁྲུག་རྩོད་དང་འཐབ་འཁྲུག་གི་སྒྲིག་སྲོལ་སྣང་མེད་དུ་བསྐྱུར་བ་དང་། ཚོད་འཛིན་བྱེད་དཀའ་བར་གྱུར་བའི་ནམ་ཟླའི་ཉམས་ཉེན་ལས་མིའི་རིགས་ལ་འཇིགས་སུ་རུང་བའི་དཀའ་སྡུག་བཟོ་བཞིན་ཡོད། ལྟོགས་སྐོམ་མྱོང་བ་དང་ཡུལ་འཁྱམས་བྱེད་པ་སོགས་འཇིགས་ཉེན་ལ་འཕྲད་པའི་མི་ས་ཡ་མང་བོར་མཚོན་ན། ཁོ་ཚོའི་རེ་བ་ཉག་ཅིག་ནི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཡིན་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མ་དངུལ་དཀོན་པ་ལས་མི་ཆོས་རིང་ལུགས་ཀྱི་བྱ་བ་ཉམས་ཞན་དུ་བཏང་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མྱུར་མོར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འཆར་གཞིར་མཁོ་བའི་མ་དངུལ་འདོན་སྤྲོད་བྱེད་དགོས་ཟེར། ཁོས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་མི་ཆོས་རིང་ལུགས་དང་མཐུན་སྒྲིལ་སྙིང་སྟོབས་འདོན་སྤེལ་བྱེད་པ་དང་། ཕྱོགས་མང་རིང་ལུགས་ཀྱི་དམ་བཅའ་ལག་བསྟར་བྱེད་དགོས་པར་མ་ཟད། ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་མིག་སྔའི་འཁྲུག་རྩོད་དང་ནམ་ཟླའི་འགྱུར་ལྡོག་སོགས་ཐག་གཅོད་བྱེད་པར་འབད་འབུངས་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།