ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས25ཉིན་ལུ་ཙེམ་པོག་ནས་སོ་སོར་ཝུའུ་ཁི་ལན་དང་མའོ་ཨར་ཏའོ་ཝ་རྒྱལ་ཁབ་གཉིས་བར་པུའུ་ཀྲང་རིམ་པའི་སྲིད་གཞུང་བར་གྱི་གྲོས་ཚོགས་བསྡུས་པ་དང་། དེ་ལས་རྒྱལ་ཁབ་དེ་གཉིས་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་དངོས་སུ་མགོ་བརྩམས་པ་མཚོན་ཡོད།
ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉིན་དེར་ཝུའུ་ཁི་ལན་དང་མའོ་ཨར་ཏའོ་ཝ་རྒྱལ་ཁབ་གཉིས་ལ་སྤྱིའི་གྲོས་མོལ་སྒྲོམ་གཞི་ཞིག་སྤྲད་དེ། རྒྱལ་ཁབ་དེ་གཉིས་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་ལ་མཛུབ་སྟོན་བྱེད་ཕྱོགས་དང་རྩ་དོན་གཏན་འབེབས་བྱས།
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་དྲ་ཚིགས་བརྒྱུད་ནས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་བརྩམས་པ་དེ་ཝུའུ་ཁི་ལན་དང་། མའོ་ཨར་ཏའོ་ཝ། ཐ་ན་ཡོ་རོབ་གླིང་མནའ་འབྲེལ་གྱི་མང་ཚོགས་ཚང་མར་མཚོན་ནའང་འཕྲིན་བཟང་ཞིག་ཡིན་ལ། མ་འོངས་པའི་བགྲོད་ལམ་དེ་འགྲན་རྩོད་མང་བོར་འཕྲད་ཡོད་ཀྱང་གོ་སྐབས་ཀྱང་ཆེན་པོ་ཡོད་ཟེར།
ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་གྱིས་ཉིན་དེར་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། དེ་ནི་ཡུན་རིང་བའི་བརྒྱུད་རིམ་ཅིག་མགོ་བརྩམས་པ་ཡིན་པས། ཝུའུ་ཁི་ལན་དང་མའོ་ཨར་ཏའོ་ཝ་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་འབད་བརྩོན་བྱས་ཏེ། ལས་ཁུངས་ཀྱི་ནུས་པར་ཤུགས་སྣོན་པ་དང་མུ་མཐུད་དུ་རུལ་སུངས་ལ་ཆམ་ཕབ་གཏོང་བ། དཔལ་འབྱོར་བརྟན་འཇགས་ལ་ཤུགས་སྣོན་བཅས་བྱས་ནས། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དངོས་མར་འགྱུར་བའི་ཚད་གཞི་ནན་མོ་དག་བསྐང་དགོས་ཟེར།
ཝུའུ་ཁི་ལན་གྱི་ཙུང་ལི་ཧྲི་མཱེ་ཅཱ་ཨར་གྱིས་གྲོས་ཚོགས་མགོ་རྩོམ་སྐབས་བརྙན་རིས་བརྒྱུད་དེ་བསྟན་དོན། ད་ལྟ་ཝུའུ་ཁི་ལན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་བའི་ལེའུ་གསར་བ་ཞིག་གི་མགོ་བརྩམས་པ་མཚོན་ཡོད་ཟེར། མའོ་ཨར་ཏའོ་ཝའི་ཙུང་ཐུང་སིང་ཏུའུ་ཡིས་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་བརྩམས་པར་དགའ་བསུ་ཞུས།
ཝུའུ་ཁི་ལན་གྱིས2022ལོའི་ཟླ2པར་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་རེ་ཞུ་སྤྲད་པ་དང་། མའོ་ཨར་ཏའོ་ཝ་ཡིས་ལོ་དེའི་ཟླ3པར་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་རེ་ཞུ་སྤྲད་པ་རེད། 2022ལོའི་ཟླ6པར་རྒྱལ་ཁབ་དེ་གཉིས་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་འདེམ་སྒུག་རྒྱལ་ཁབ་ཏུ་གྱུར། 2023ལོའི་ཟླ12པར་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱིས་ཝུའུ་ཁི་ལན་དང་མའོ་ཨར་ཏའོ་ཝ་རྒྱལ་ཁབ་གཉིས་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་རྩོམ་ཐག་བཅད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།