ནེ་ཀྲིར་དྲག་ཆས་དཔུང་སྡེ་ལ་འཇབ་རྒོལ་ཐེབས་ནས་མི་བཅུ་ཕྲག་ཁ་ཤས་ཤི་རྨས་བྱུང་།
2024.06.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཨེ་མེ་ཡཱ་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས25ཉིན་གྱི་དགོང་མོར།  ནེ་ཀྲེར་རྒྱལ་སྲུང་པུའུ་ཡིས་སྤྱི་བསྒྲགས་སྤེལ་ནས། རྒྱལ་ཁབ་དེའི་དྲག་ཆས་དམག་དཔུང་ཞིག་ལ་ཉིན་དེའི་སྔ་དྲོར་ནུབ་རྒྱུད་ཀྱི་ཏི་ལཱ་པེ་ལི་ས་ཁུལ་ཆེན་པོའི་གྲོང་ཚོ་ཞིག་ཏུ་འཇིགས་སྐུལ་པའི་འཇབ་རྒོལ་ཐེབས་ནས་དམག་མི20དང་མི་སེར་དཀྱུས་མ1རྐྱེན་ལམ་དུ་ཤོར་བ་དང་དམག་མི9ལ་རྨས་སྐྱོན་ཕོག་ཡོད་ཟེར།

སྤྱི་བསྒྲགས་ལས་བཤད་རྒྱུར།  དམག་འཁོར་གཉིས་ལ་འཇབ་རྒོལ་ཁྲོད་གཏོར་སྐྱོན་ཐེབས་ཡོད་པ་རེད།  དམག་ཕྱོགས་ཀྱིས་ཕར་རྒོལ་བྱེད་པའི་ཁྲོད་འཇིགས་སྐུལ་པ་བཅུ་ཕྲག་ཁ་ཤས་མེད་པར་བཟོས། དམག་ཕྱོགས་ཀྱིས་མཁའ་དབྱིངས་དང་ས་ངོས་ཀྱི་རོགས་སྐྱོར་དམག་དཔུང་བཀོད་སྒྲིག་བྱེད་བཞིན་ཡོད་པ་དང་། འཇབ་རྒོལ་བྱེད་མཁན་གཞན་དག་ལ་སྔོག་བཤེར་སྐོར་བཅོམ་བྱེད་བཞིན་ཡོད།

ནེ་ཀྲིར་གྱི་རྒྱལ་སྲུང་པུའུ་ཀྲང་མོ་ཏི་ཡིས་ནེ་ཀྲིར་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ཀྱིས་འཇིགས་སྐུལ་པར་མུ་མཐུད་དུ་རྡུང་རྡེག་བཏང་ནས།  ཅི་ནུས་གང་ཐུབ་ཀྱིས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

ཏི་ལཱ་པེ་ལི་ས་ཁུལ་ཆེན་པོ་ནི་ནི་ཀྲིར་གྱི་ནུབ་རྒྱུད་དང་མཱ་ལི། པུའུ་ཁི་ནཱ་ཧྥ་སོ་བཅས་ཀྱི་འབྲེལ་མཚམས་ས་ཁུལ་དུ་ཆགས་ཡོད། ཉེ་བའི་ལོ་ཤས་རིང་། ཐལ་སྤྱོད་རྩ་འཛུགས“དབྱི་སི་ལན་རྒྱལ་ཁབ”དང་འབྲེལ་བ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་དང་འཇིགས་སྐུལ་རྩ་འཛུགས་ཀྱིས་ས་ཁུལ་དེར་ཡང་ཡང་འཇབ་རྒོལ་བྱས་ནས་མི་སྣ་མང་པོ་ཤི་རྨས་བྱུང་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།