མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཧྥུའུ་ཚུང་གིས་ཚེས25ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཡོངས་བསྒྲགས་ཚོགས་འདུའི་སྟེང་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོས་ཚོད་འཛིན་བྱས་ནས་ཛ་དྲག་ཆེ་བའི་གནས་བབ་ཇེ་སྡུག་ཏུ་གཏོང་བའི་བྱ་སྤྱོད་སྤེལ་མི་རུང་བ་དང་། དབུས་ཤར་ས་ཁུལ་ཧྲིལ་པོ་སྔར་ལས་ཆེ་བའི་ཉམས་ཉེན་གྱི་ནང་དུ་ལྷུང་སུ་འཇུག་མི་རུང་བའི་འབོད་སྐུལ་བཏང་།
ཧྥུའུ་ཚུང་གིས་བཤད་རྒྱུར། ཟླ5ཚེས31ཉིན་ཅཱ་ཧྲ་ས་ཁུལ་དུ་དམག་འཁྲུག་མཚམས་འཇོག་པའི་དུས་རིམ་གསུམ་པའི་གྲོས་འདོན་ཡི་གེ་ཁྱབ་སྒྲོག་བྱས་པའི་རྗེས་སུ། ཨ་མེ་རི་ཁ་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་2735པར་སྐུལ་འདེད་བཏང་བ་བརྒྱུད་དེ། དབྱི་སི་རལ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧཱ་མཱ་སི་ཡིས་གྲོས་འདོན་ཡི་གེ་དེ་དང་ལེན་བྱེད་རྒྱུར་སྐུལ་འདེད་བཏང་། ཨ་མེ་རི་ཁས་སྐབས་དེར་དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱས་པར་བསྒྲགས། ཡིད་སྐྱོ་བ་ཞིག་ལ་ད་ལྟའི་བར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་ཕྱོགས་ཀྱིས་དུས་ཡུན་རིང་བོར་དམག་འཁྲུག་མཚམས་འཇོག་རྒྱུར་འཐད་པ་བྱུང་བའི་ཤུལ་རྗེས་ཙམ་ཡང་མཐོང་མ་བྱུང་ལ། དེ་ལས་ལྡོག་སྟེ། རྒྱལ་ཁབ་སོ་སོས་དབྱི་སི་རལ་གྱིས་ད་དུང་གཞི་ཁྱོན་ཆེ་བའི་དམག་དོན་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བཞིན་ཡོད་པ་མཐོང་བ་དང་། ལཱ་ཧྥ་དང་། ནུའུ་སའེ་ལའེ་ཐི། ཅཱ་ཧྲ་མཁར་གྱི་ས་ཆ་མང་པོའི་ཡུལ་གྱར་བའི་སྒར་སར་ཡང་དང་བསྐྱར་དུ་འཇབ་རྒོལ་བྱས་ཏེ་རྨས་སྐྱོན་ཚབས་ཆེན་བཟོས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་དབུས་ཤར་དང་ཐག་ཉེ་སའི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ། རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་སོགས་མི་ཆོས་ལས་ཁུངས་ཉེན་ཁའི་གནས་སུ་ལྷུང་དུ་བཅུག་ཟེར།
ཧྥུའུ་ཚུང་གིས་བཤད་རྒྱུར། ངེས་པར་དུ་མྱུར་མོར་འཁྲུག་རྩོད་མཚམས་འཇོག་དགོས། འཁྲུག་རྩོད་མཚམས་འཇོག་རྒྱུ་མངོན་འགྱུར་བྱུང་ཚེ་ཡང་བསྐྱར་དམག་རྩོད་སློང་མི་རུང་། འདི་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་2728པ་དང་ཨང2735 པའི་ལྟེ་བའི་སྙིང་དོན་ཡིན། མི་སེར་དཀྱུས་མ་སྔར་ལས་མང་བོར་ཤི་རྨས་བྱུང་བ་དེའང་བཙན་ཉར་བྱས་པའི་མི་སྣ་སྐྱོབ་ཐབས་བྱེད་པའི་ཐབས་ལམ་ཞིག་མིན། ཀྲུང་གོ་ཕྱོགས་ཀྱིས་དབྱི་སི་རལ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མགོ་གནོན་རང་བཞིན་གྱི་འབོད་སྐུལ་ལ་ཉན་ནས་མྱུར་མོར་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་བྱ་སྤྱོད་སྤེལ་མཚམས་བཞག་སྟེ། འཕྲལ་དུ་ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་ལ་ཐུན་མོང་གི་ཆད་པ་གཅོད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ལ་ཤུགས་རྐྱེན་གལ་ཆེན་ཡོད་པའི་རྒྱལ་ཁབ་ཀྱི་དྲང་བདེན་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ནས་དོན་དངོས་ཀྱིས་དམག་འཁྲུག་མཚམས་འཇོག་པར་སྐུལ་མ་གཏོང་བའི་ཐད་ལ་ལྷག་བསམ་ཟོལ་མེད་ཀྱིས་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་ཟེར།
ཧྥུའུ་ཚུང་གིས་བསྟན་དོན། དེང་སྐབས། ཅཱ་ཧྲ་ཡི་མི་ཆོས་གནས་བབ་ཧ་ཅང་ཛ་དྲག་ཡིན་པ་རེད། དབྱི་སི་རལ་གྱིས་སྤེལ་བའི་དམག་དོན་བྱ་སྤྱོད་ཀྱིས་མི་ཆོས་བྱ་བ་སྒྲུབ་མཁན་ལ་འཇིགས་སྣང་ཚབས་ཆེན་བཟོས་ཤིང་། ལྐོག་བརྡ་བཏང་ལ། ཐ་ན་མི་ཆོས་སྒྲིག་གཞིའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་པ་དེ་ནི་དང་ལེན་བྱེད་མི་ཐུབ་པ་ཞིག་རེད། རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་གཞིར་བཟུང་ན། དབྱི་སི་རལ་གྱིས་མི་ཆོས་སྒྲིག་གཞི་དང་མི་ཆོས་བྱ་བ་སྒྲུབ་མཁན་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད་པར་མ་ཟད། མི་ཆོས་དངོས་རྫས་མང་པོ་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་འགན་སྲུང་བྱེད་དགོས་ལ། བདེ་འཇགས་དང་གོ་རིམ་ཡོད་པའི་སྒོ་ནས་དགོས་མཁོ་ཆེ་བའི་དངོས་རྫས་མགྱོགས་མྱུར་ངང་མང་ཚོགས་ཀྱི་ལག་ཏུ་སྐྱེལ་དགོས་ཟེར།
ཧྥུའུ་ཚུང་གིས་བཤད་རྒྱུར། ཡུའེ་ཏན་གཙང་བོའི་ནུབ་འགྲམ་དུ། དབྱི་སི་རལ་གྱི་སྟོབས་ལྡན་སྡེ་ཁག་གིས་དུས་རྒྱུན་ཕཱ་ལེ་སི་ཐན་གྱི་མི་ལ་སྔོག་བཤེར་དང་། འཛིན་གཟུང་། འཇབ་རྒོལ་བྱེད་བཞིན་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་མི་དམངས་ལ་དམིགས་པའི་དྲག་ཤུགས་དང་། ཕཱ་ལེ་སི་ཐན་གྱི་མི་རིགས་དབང་ཆའི་སྒྲིག་གཞིར་གཏོར་བཤིག་གཏོང་བའི་བཅོས་སྐྱོང་རྨང་གཞི་མཚམས་འཇོག་རྒྱུ་དང་། དེའི་ནང་དུ་ཚབ་བསྡུ་ཁྲལ་དངུལ་མྱུར་མོར་ཕྱིར་སློག་པ་འདུས་ཡོད། ཀྲུང་གོ་ཕྱོགས་ཀྱིས་གཏན་སྡོད་ས་ཁུལ་གྱི་བྱེད་སྒོ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང2334པར་འགལ་བ་དང་། རྒྱལ་ཁབ་གཉིས་ཀྱི་ཐབས་ཇུས་མདུན་ལྗོངས་ལ་གནོད་པ་བཏང་བ་ཞིག་ཡིན་པས། དབྱི་སི་རལ་གྱིས་གཏན་སྡོད་ས་ཚིགས་ཀྱི་བྱེད་སྒོ་ཐམས་ཅད་མྱུར་མོར་མཚམས་འཇོག་དགོས་པ་བསྐྱར་བསྒྲགས་བྱས་ཟེར།
ཧྥུའུ་ཚུང་གིས་བསྟན་དོན། ཅཱ་ཧྲའི་འཁྲུག་རྩོད་ཀྱི་ལྡོག་ཕྱོགས་ཤུགས་རྐྱེན་དེ་མྱུར་དུ་ཕྱིར་འཕྱུར་བ་དང་། མཚོ་དམར་དང་ལི་པཱ་ནུན་དང་དབྱི་སི་རལ་གྱི་མཐའ་མཚམས་ཀྱི་གནས་བབ་ལ་མི་རྣམས་ཀྱི་སེམས་ཁྲལ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་སི་རལ་གྱིས་ལེ་པཱ་ནུན་ལ་དམག་དོན་འཇབ་རྒོལ་བྱེད་པར་གྲ་སྒྲིག་བྱེད་བཞིན་པའི་འབྲེལ་ཡོད་གནས་ཚུལ་བསྒྲགས་པར་སེམས་ཁུར་ཆེན་པོ་བྱེད་བཞིན་པར་བསྟན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས་ཉེར་གཅིག་ཉིན་བསྟན་དོན། དེང་སྐབས་ཀྱི་དབུས་ཤར་གནས་བབ་ཉེན་ཁའི་གནས་སུ་ལྷུང་ཡོད་པས། ལེ་པཱ་ནུན་ནི་ཅཱ་ཧྲ་ས་ཁུལ་ལྟ་བུ་ཞིག་ཏུ་འགྱུར་དུ་འཇུག་འདོད་མེད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགོས་ངེས་ཀྱི་བྱ་སྤྱོད་ཡོད་ཚད་སྤེལ་ནས་ཅཱ་ཧྲ་ས་ཁུལ་དུ་མྱུར་མོར་དུས་ཡུན་རིང་བའི་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱི་བྱེད་ཐབས་མྱུར་མོར་བཏོན་ནས་དབུས་ཤར་ས་ཁུལ་སྔ་མོ་ནས་ཡུན་རིང་བདེ་འགོད་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།
ཚེ་རིང་སྒྲོལ་མས་བསྒྱུར།