ཨུ་རུ་སིས་ཨ་མེ་རུ་ཁའི་དམག་དོན་རོགས་སྐྱོར་གྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་བར་གྱི་འགལ་རྩོད་ཤི་རྨས་གནས་ཚུལ་ཛ་དྲག་ཏུ་བཏང་བར་རྒོལ་གཏམ་བཏང་།
2024.06.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

མཚོ་ནག་གྲུ་ཁའི་གྲོང་ཁྱེར་སད་ཝ་སི་ཐོར་པོར་རུ་ཉེ་སྔོན་འཕུར་མདའི་འཇབ་རྒོལ་ཐེབས་པར་ཁ་གཏད་དེ། ཨུ་རུ་སིའི་ཕྱོགས་ཀྱིས་ཚེས་ཉེར་བཞི་ཉིན་ཨ་མེ་རི་ཁ་དང་ཐེངས་འདིའི་འཇབ་རྒོལ་བར་ཐད་ཀར་གྱི་འབྲེལ་བ་ཡོད་པ་དང་། ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་བྱས་པ་དེས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དང་ཤི་རྨས་གནས་ཚུལ་ཛ་དྲག་ཏུ་བསྒྱུར་ཡོད་ཅེས་རྒོལ་གཏམ་བཏང་།

སད་ཝ་སི་ཐོར་པོར་གྲོང་ཁྱེར་གྱི་ཧྲི་ཀྲང་ལཱ་ཙི་ཝོ་ཀྲ་མེ་ཧྥུའུ་ཡི་གཏམ་དྲངས་ནས་བསྒྲགས་པ་ལྟར་ན། མཚོ་ནག་གྲུ་ཁའི་གྲོང་ཁྱེར་ལ་ཚེས་ཉེར་གསུམ་ཉིན་འཕར་མདེལ་གྱི་འཇབ་རྒོལ་ཐེབས་ནས། མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་ང་གསུམ་ལ་རྨས་ཕོག་ལ། རྐྱེན་ལམ་དུ་ཤོར་བའི་མིའི་ཁྲོད་ད་དུང་བྱིས་པ་གཉིས་ཡོད།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བཞི་ཉིན་གསལ་བསྒྲགས་སྤེལ་ནས། ཨ་མེ་རི་ཁ་དང་ཐེངས་འདིའི་འཇབ་རྒོལ་བར་ཐད་ཀར་གྱི་འབྲེལ་བ་ཡོད་ཟེར། གསལ་བསྒྲགས་ནང་བཤད་རྒྱུར། ཝུའུ་ཁི་ལན་གྱིས་འཇབ་རྒོལ་ཁྲོད་ཨ་མེ་རི་ཁའི་སྐམ་དམག་གི་འཐབ་རྩལ་འཕུར་མདའི་མ་ལག་བཀོལ་སྤྱོད་བྱས་པ་དང་། འཕུར་མདའ་དེར་གཏོར་བརླག་ནུས་ཤུགས་ཆེ་བའི་རྫས་མདེལ་བཀོལ་ནས་ཤི་རྨས་ཀྱི་ཚད་ཇེ་མཐོར་བཏང་ཡོད། འཕུར་སྐྱོད་ལས་འགན་ཡོངས་རྫོགས་ཨ་མེ་རི་ཁའི་ཆེད་མཁས་པས་ཨ་མེ་རི་ཁའི་འཁོར་སྐར་མྱུལ་ཞིབ་གཞི་གྲངས་གཞིར་བཟུང་ནས་ནང་འཇུག་བྱས་ཡོད། དེ་དང་མཉམ་དུ། ཨ་མེ་རི་ཁའི་མི་མེད་མྱུལ་ཞིབ་གནམ་གྲུས་ཁི་ལིས་མིས་ཡའི་མཁའ་དབྱིངས་ནས་འཕུར་སྐྱོད་ལས་འགན་ལག་བསྟར་བྱས།

གསལ་བསྒྲགས་ནང་ཨ་མེ་རི་ཁ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་གྱིས་གཏོར་བརླག་ནུས་ཤུགས་ཆེ་བའི་མི་ཆོས་དང་མི་མཐུན་པའི་དྲག་ཆས་སྤྱད་དེ་ཨུ་རུ་སིའི་སྤྱི་དམངས་གསོད་པར་ངན་སྐུལ་བྱས་པར་འགོལ་གཏམ་བཏང་བ་དང་། ཨུ་རུ་སིའི་མྱུར་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་བཤེར་བྱེད་འགོ་བརྩམས་པ་དང་། དོན་རྐྱེན་དེ་དང་ཨུ་རུ་སིའི་མངའ་ཁོངས་ནང་གི་འཇིགས་སྐུལ་འཇབ་རྒོལ་ཡོངས་དང་འབྲེལ་བ་ཡོད་པའི་འགན་ཁུར་མི་སྣར་ཆད་པ་ནན་མོ་གཅོད་ངེས་ཟེར།

རིན་ཆེན་མཚོས་བསྒྱུར།