སི་རི་ཡའི་ལྷོ་ཕྱོགས་ཀྱི་ས་ཁུལ་མང་པོར་དབྱི་སི་རལ་གྱིས་བར་སྣང་འཇབ་རྒོལ་བྱས།
2024.06.27 ཁུངས། ཀློག་གྲངས། 17

སི་རི་ཡའི་དམག་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོ་གསལ་སྒྲོག་སྤེལ་ནས། སི་རི་ཡའི་ལྷོ་ཕྱོགས་ཀྱི་ས་ཁུལ་མང་པོར་ཚེས་ཉེར་དྲུག་ཉིན་གྱི་དགོང་མོ་དབྱི་སི་རལ་གྱིས་བར་སྣང་འཇབ་རྒོལ་བྱས་ཏེ། མི་གཉིས་བསད་པ་དང་། མི་གཅིག་ལ་རྨས་ཕོག་འདུག་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ས་གནས་དེ་གའི་དུས་ཚོད་ཚེས་ཉེར་དྲུག་ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཅིག་དང་སྐར་མ་བཞི་བཅུའི་ཐོག དབྱི་སི་རལ་གྱིས་བཟུང་པའི་ཀི་ལན་མཐོ་སྒང་ས་ཁུལ་ནས་སི་རི་ཡའི་ལྷོ་ཕྱོགས་ས་ཁུལ་མང་པོར་བར་སྣང་འཇབ་རྒོལ་བྱས་པ་ན། སི་རི་ཡའི་མཁའ་སྲུང་མ་ལག་གིས་དགྲ་བོའི་འཕུར་འདེད་ཁ་ཤས་བཀག་འགོག་བྱས་ཟིན། བར་སྣང་འཇབ་རྒོལ་ཁྲོད་དུ་མི་གཉིས་རྐྱེན་ལམ་དུ་ཤོར་པ་དང་། དམག་མི་གཅིག་ལ་རྨས་ཕོག་ཡོད་པ་མ་ཟད། དངོས་བོ་ཁ་ཤས་ལའང་གཏོར་སྐྱོན་བཟོས་འདུག 

གཞན་སི་རི་ཡའི་སྨྱན་སྦྱོར་ཧྲ་མུའུ་སྐུད་ལམ་གྱིས་བསྒྲགས་པ་ལྟར་ན། སི་རི་ཡའི་རྒྱལ་ས་ཏཱ་མ་ཧྲི་ཀའི་ལྷོ་ཕྱོགས་ཀྱི་ཏའེ་ཞིན་ན་པའེ་ས་ཁུལ་གྱི་མཐའ་འཁོར་དུ་ཚེས་ཉེར་དྲུག་ཉིན་གྱི་དགོང་མོ་དབྱི་སི་རལ་གྱིས་བར་སྣང་འཇབ་རྒོལ་བྱས་ནས། འཛུགས་སྐྲུན་ཐོག་ཁང་གཉིས་རྡིབས་སུ་བཅུག་སོང་ཟེར། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་དགོང་མོ་དེར་ཏཱ་མ་ཧྲི་ཀི་ནས་འགས་གཏོར་གྱི་སྒྲ་ཐེངས་མང་པོར་དངོས་སུ་ཐོས། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།