ཟླ6པའི་ཚེས26ཉིན་ནི་རྒྱལ་སྤྱིའི་དུག་འགོག་ཉིན་མོ་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཞུ་ཚིག་ཕུལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔོན་འགོག་བྱེད་ཐབས་ལ་ཤུགས་སྣོན་བྱས་ནས། དུག་རྫས་གང་འདོད་དུ་བཀོལ་བ་དང་ལྐོག་འདྲེན་བྱེད་པའི་གནད་དོན་རྩ་བ་ནས་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། འཛམ་གླིང་ཡོངས་སུ་ལོ་རེར་མི་འབུམ་ཕྲག་མང་བོས་དུག་རྫས་ཚད་ལས་བརྒལ་བ་ལོངས་སུ་སྤྱད་པ་ལས་ཚེ་སྲོག་ཤོར་བཞིན་ཡོད་པ་དང་། དུག་རྫས་ཀྱིས་མི་རྣམས་ཀྱི་བདེ་ཐང་དང་བདེ་སྐྱིད་ཁྱུར་མིད་བྱེད་བཞིན་ཡོད་པར་མ་ཟད། འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོའི་ནག་ཉེས་དང་དྲག་ཤུགས་བྱ་སྤྱོད་བསྐྱེད་བཞིན་ཡོད་ཟེར།
ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ད་ལོའི་རྒྱལ་སྤྱིའི་དུག་འགོག་ཉིན་མོའི་བརྗོད་སྙིང་ནི་བདེན་དཔང་ཡང་དག་ཐོབ་ཡོད་པ་སྟེ་སྔོན་འགོག་ཐད་དངུལ་གཏོང་བྱེད་རྒྱུ་དེ་ཡིན།
དུག་རྫས་ལས་བྱུང་བའི་སྡུག་བསྔལ་གྱི་རྒྱུན་དེ་རྩ་བའི་ཐོག་ནས་ཐག་གཅོད་བྱེད་དགོས་པ་དང་། དུག་རྫས་ཁ་མ་དར་གོང་སྔོན་འགོག་བྱ་བའི་ཐད་མ་དངུལ་གཏོང་དགོས་ལ། ཁམས་གསོ་དང་ཡང་བསྐྱར་སྤྱི་ཚོགས་སྟེང་ལོག་པའི་འཐབ་ཇུས་ནས་སྤྱི་བའི་འཕྲོད་བསྟེན་སློབ་གསོའི་ལས་འགུལ་དང་། དེ་ནས་དུག་རྫས་ཀྱི་སྔོན་འགོག་དང་གསོ་བཅོས། གནོད་པ་ཇེ་ཆུང་དུ་གཏོང་བའི་བྱེད་ཐབས་ཐད་ཀྱི་མ་དངུལ་ཇེ་མང་དུ་གཏོང་དགོས་ལ། སྔོན་འགོག་བྱས་ན་ཕན་འབྲས་ཐོབ་སྲིད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དུག་རྫས་དང་ནག་ཉེས་གནད་དོན་གཞུང་སྒྲུབ་ཁང་གིས་ཚེས26ཉིན་སྤེལ་བའི་སྙན་ཞུ་ལྟར་ན། 2022ལོར་འཛམ་གླིང་ཡོངས་སུ་མི་དུང་ཕྱུར་གཉིས་དང་བྱེ་བ་དགུ་ས་ཡ་གཉིས་ཙམ་གྱིས་དུག་རྫས་བེད་སྤྱོད་བྱས་པ་དང་། ལོ་བཅུའི་ཡར་སྔོན་ལས་བརྒྱ་ཆའི་ཉི་ཤུ་ཇེ་མཐོར་སོང་ཡོད་ལ། འཛམ་གླིང་ཡོངས་ཀྱི་དུག་རྫས་གནད་དོན་བསྟུད་མར་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཟེར།
1987ལོའི་ཟླ12པར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་གྲོས་ཆོད་བཀོད་དེ། ལོ་རེའི་ཟླ6པའི་ཚེས26ཉིན་དེ་རྒྱལ་སྤྱིའི་དུག་འགོག་ཉིན་མོར་དངོས་སུ་གཏན་འཁེལ་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།