ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ཚེས27ཉིན་པུ་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་ནས་བསྡུས། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེའི་དགོང་མོར་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པ་གསར་བའི་འདེམ་སྒུག་མི་སྣར་ཆོག་མཆན་བཀོད།
ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་གྱིས་ཚེས27ཉིན་གྱི་དགོང་མོར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱིས་ཧྥུན་ཏི་ལའེ་ཨིན་གྱིས་བསྟུད་མར་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་བའི་མིང་འདོན་བྱེད་པ་དང་། ཕུའུ་ཐའོ་ཡཱའི་སྔོན་ཆད་ཀྱི་ཙུང་ལི་ཁི་སི་ཐཱ་ཡིས་སྐབས་རྗེས་མའི་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར་བའི་མིང་འདོན་བྱེད་རྒྱུ་ཐག་བཅད་པར་མ་ཟད། ཨེ་སོ་ནི་ཡཱའི་ཙུང་ལི་ཁཱ་ལཱ་སི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མིའི་འགན་ཁུར་བར་མིང་བཏོན་ཡོད་ཟེར།
ཁི་སི་ཐཱ་ཡིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཁོས་ཁོངས་གཏོགས་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཐད་འབད་འབུངས་བྱེད་རྒྱུ་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་གྱི་འཐབ་ཇུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་དོ་སྣང་བྱེད་རྒྱུ་ཡིན་ཟེར།
ཁཱ་ལཱ་སི་ཡིས་དྲ་ཚིགས་བརྒྱུད་དེ་བསྟན་དོན། ས་ཁུལ་གྱི་ཆབ་སྲིད་ཛ་དྲག་ཡིན་པའི་མིག་སྔའི་གནས་ཚུལ་འོག མིང་འདོན་ཐོབ་པ་དེ་ནི་འགན་འཁྲི་ཆེན་པོ་ཞིག་ཡིན་ཟེར། ཁོ་མོས་བསྟན་དོན། ཡོ་རོབ་གླིང་གི་འཁྲུག་རྩོད་དང་ཡོ་རོབ་གླིང་ཉེ་འཁོར་ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གཏན་འཇགས་མིན་པའི་སྣང་ཚུལ་དེ་ནི་ཡོ་རོབ་གླིང་ཕྱི་འབྲེལ་སྲིད་གྲོས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་གཙོ་བོ་ཞིག་ཡིན་ཟེར།
ཡོ་རོབ་གླིང་མནའ་འབྲེལ་གྱི་སྒྲིག་སྲོལ་ལྟར་ན། མི་གསུམ་གྱི་གྲས་ནས་ཁི་སི་ཐཱ་ཡིས་ཐད་ཀར་ལས་ལས་འགན་ཁུར་ཆོག་པ་དང་། མི་གཞན་པ་གཉིས་ལས་རིམ་ངེས་ཅན་བརྒྱུད་དགོས། དེའི་ནང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ལས་འགན་དེར་ཡོ་རོབ་གླིང་གྲོས་ཁང་ནས་འདེམ་ཤོག་འཕངས་ཏེ་ཡིད་འཐད་འབྱུང་དགོས་པ་རེད།
ཉིན་གཉིས་ལ་བསྡུ་རྒྱུའི་འཆར་གཞི་ཡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་དེ་ཚེས27ཉིན་གྱི་དགོང་མོར་སྔ་སྣུར་གྱིས་མཇུག་སྒྲིལ། ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པས་མཐོ་རིམ་གྲོས་ཚོགས་སྟེང་ད་རུང་ཝུའུ་ཁི་ལན་གྱི་དམག་དོན་རོགས་སྐྱོར་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་སྲུང་བཟོ་ལས་དངུལ་གསོག དཔལ་འབྱོར་འགྲན་རྩོད་ནུས་པ་སོགས་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱས་པར་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་གྱི་མ་འོངས་པའི་ལོ་ལྔའི་འཐབ་ཇུས་འཕེལ་རིམ་ལ་གྲོས་འཆམ་བྱུང་།
བསོད་ནམས་ཚེ་རིང་གིས་བསྒྱུར།