པུར་ཀ་རི་ཡཱའི་ཙུང་ཐུང་ལཱ་ཏི་ཧྥུའུ་ཡིས་ཚེས27ཉིན་བསྟན་དོན། ལྟ་སྐྱོང་སྲིད་འཛིན་ལས་ཁུངས་དེ་མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ཀྱི་སྒྲོམ་གཞིའི་ལངས་ཕྱོགས་ལ་འཐད་པ་མིན་པས། ཁོས་པུར་ཀ་རི་ཡཱའི་འཐུས་ཚབ་ཚོགས་པ་ཁྲིད་དེ་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་ཁས་ལེན་བྱས་མེད་ཟེར།
ལཱ་ཏི་ཧྥུའུ་ཡིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། པུར་ཀ་རི་ཡཱའི་ལྟ་སྐྱོང་སྲིད་འཛིན་ལས་ཁུངས་ཀྱིས་ཚེས26ཉིན་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ཀྱི་སྒྲོམ་གཞིའི་ལངས་ཕྱོགས་ལ་ཆོག་མཆན་བཀོད་པ་དང་། དེའི་ཞོར་དུ་ཁོས་འཐུས་ཚབ་ཚོགས་པ་ཁྲིད་དེ་སྒྲོམ་གཞིའི་ལངས་ཕྱོགས་བཏོན་པ་དང་། དེའི་རྨང་གཞིའི་སྟེང་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ནས་བཏོན་པའི་ཡིག་ཆར་ཆོག་མཆན་བཀོད་ནས་ཁས་ལེན་དགོས་པའི་གྲོས་གཞི་བཏོན་ཡོད།
ལཱ་ཏི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་བྱུང་བའི་ཉིན་དང་པོ་ནས་བཟུང་། ཁོས་ནམ་རྒྱུན་ཐུན་མོང་གི་བྱེད་ཐབས་སྤྱད་དེ་བདེ་འཇགས་ལ་ཁག་ཐེག་བྱེད་པ་དང་། འགོག་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་བ། བྱང་ཆིངས་རྩ་འཛུགས་ས་ཁོངས་ཀྱི་འཆར་གཞི་ལག་བསྟར་བྱེད་པ། རྒྱལ་སྲུང་སྔོན་རྩིས་ཇེ་མང་དུ་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཀྱང་། ཁོས་ལྟ་སྐྱོང་སྲིད་འཛིན་ལས་ཁུངས་ཀྱིས་ཆོག་མཆན་བཀོད་པའི་སྒྲོམ་གཞིའི་ལངས་ཕྱོགས་ཁྲོད་པུར་ཀ་རི་ཡཱ་ཡིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐད་ཁས་ལེན་བྱས་པའི་གཏན་འཁེལ་རེ་འགའ་ཁས་ལེན་བྱེད་མི་ཐུབ་པས། ཁོས་འཐུས་ཚབ་ཚོགས་པ་ཁྲིད་དེ་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་ཁས་ལེན་བྱས་མེད་ཟེར།
ད་ལོའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ཟླ7པའི་ཚེས9ཉིན་ནས་ཚེས11ཉིན་བར་ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་ནས་བསྡུ་རྒྱུ་ཐག་བཅད་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།