ཀྲུང་གོའི་འཐུས་མིས་འབྲེལ་ཡོད་ཕྱོགས་སོ་སོས་མཚོ་དམར་ཆུ་ཁོངས་སུ་ཛ་དྲག་གི་གནས་བབ་གསར་བ་མི་བཟོ་བའི་འབོད་སྐུལ་བཏང་།
2024.06.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས27ཉིན་མཚོ་དམར་གནས་བབ་དང་འབྲེལ་བའི་གྲོས་ཆོད་ནར་འགྱངས་བྱ་རྒྱུའི་བརྡས་ཐག་བཅད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དབང་ཆ་དོར་བའི་འདེམས་ཤོག་འཕངས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་གཞོན་པ་ཀིན་ཧྲོང་གིས་འགྲེལ་བཤད་རང་བཞིན་གྱི་གཏམ་བཤད་ནང་འབྲེལ་ཡོད་ཕྱོགས་སོ་སོས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་སྒྲིག་ཡིག》བརྩི་སྲུང་ནན་མོ་བྱས་ནས་རྒྱལ་སྤྱིའི་བཅའ་ཁྲིམས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་འཁྱོག་བཤད་དང་གང་བྱུང་དུ་སྤྱད་དེ་མཚོ་དམར་ཆུ་ཁོངས་སུ་ཛ་དྲག་གི་གནས་བབ་གསར་པ་མི་བཟོ་བའི་འབོད་སྐུལ་བཏང་།

ཀིན་ཧྲོང་གིས་མཚོ་དམར་ཆུ་ཁོངས་ནི་དངོས་ཟོག་དང་ནུས་ཁུངས་སྐྱེལ་འདྲེན་གྱི་བགྲོད་ལམ་གལ་ཆེན་ཞིག་རེད། ན་ནིང་ལོ་མཇུག་ནས་བཟུང་། ཧུའུ་སའེ་དྲག་ཆས་ཀྱིས་མཚོ་དམར་དང་དེའི་ཉེ་འགྲམ་གྱི་ཆུ་ཁོངས་སུ་ཚོང་གྲུ་ལ་ཐེངས་མང་པོར་འཇབ་རྒོལ་བྱས་ཏེ། རྒྱལ་སྤྱིའི་ཉོ་ཚོང་བརྗེ་རེས་རྒྱུན་ལྡན་ངང་སྤེལ་བར་འགོག་རྐྱེན་བཟོས་ཡོད་ལ། ས་ཁུལ་གྱི་བརྟན་འཇགས་ལའང་ཤུགས་རྐྱེན་ངན་པ་བཟོས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧུའུ་སའེ་དྲག་ཆས་ཀྱིས་རྒྱལ་ཁབ་སོ་སོའི་ཚོང་གྲུ་ཡིས་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ནས་མཚོ་དམར་ཆུ་ཁོངས་སུ་མཚོ་ཐོག་སྐྱེལ་འདྲེན་བྱེད་པའི་དབང་ཆར་བརྩི་འཇོག་བྱ་རྒྱུའི་འབོད་སྐུལ་ཐེངས་མང་བྱས་པ་དང་། ཧུའུ་སའེ་དྲག་ཆས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབོད་སྐུལ་ལ་ཉན་དགོས་པར་མ་ཟད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཀྱི་བླང་བྱར་བརྩི་སྲུང་བྱས་ནས་དམངས་སྤྱོད་གྲུ་གཟིངས་ལ་འཇབ་རྒོལ་དང་ཟིང་ཆ་སློང་བའི་བྱ་སྤྱོད་སྤེལ་མཚམས་བཞག་སྟེ། མཚོ་དམར་ཆུ་ཁོངས་ཀྱི་གྲུ་གཟིངས་ཀྱི་བགྲོད་ལམ་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བྱས་པར་བཤད།

ཀིན་ཧྲོང་གིས་བཤད་རྒྱུར། ད་ལོའི་ཟླ་དང་པོར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ཨང2722ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་སྐབས། ཀྲུང་གོ་ཕྱོགས་ཀྱིས་དབང་ཆ་དོར་བའི་འདེམས་ཤོག་འཕངས། ཀྲུང་གོ་ཕྱོགས་ཀྱི་དོ་ཁུར་བྱ་ཡུལ་གཙོ་བོ་ནི་གྲོས་ཆོད་དེ་ཡིས་གནད་འགག་གི་གནད་དོན་འགའ་ཞིག་གི་ཐད་ཡིན་མིན་གྱི་དབྱེ་བ་གསལ་བོ་ཕྱེས་མེད་པས། མཇུག་འབྲས་ངན་པ་བཟོས་ནས་ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་སྲིད་པ་དེ་རེད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་ཅིག་གིས་གྲོས་ཆོད་ཨང2722ལ་གྲོས་འཆམ་བྱུང་རྗེས། ཡེ་མེན་ལ་དམག་དོན་བྱ་སྤྱོད་སྤེལ་ནས་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་བཏང་བ་དང་མང་ཚོགས་ལ་ཤི་རྨས་བཟོས་པར་མ་ཟད། མཚོ་དམར་ཆུ་ཁོངས་ཀྱི་བདེ་འཇགས་ཉེན་ཁའང་ཆེ་རུ་ཕྱིན་ཡོད། ཐེངས་དེའི་གྲོས་ཆོད་ནི་གྲོས་ཆོད་ཨང2722པར་ལག་རྩལ་རང་བཞིན་གྱི་ནར་འགྱངས་བྱས་པ་ཞིག་ཡིན་ལ། དེ་ནི་ལངས་ཕྱོགས་ཀྱི་རྒྱུན་མཐུད་རང་བཞིན་དང་གྲོས་ཆོད་ཨང2722པར་གྲོས་འཆམ་བྱུང་རྗེས་ཀྱི་དོན་དག་གི་འཕེལ་རྒྱས་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཡང་བསྐྱར་དབང་ཆ་དོར་བ་ཡིན་ཟེར།

ཀིན་ཧྲོང་གིས་བསྟན་དོན། དེང་སྐབས་མཚོ་དམར་གྱི་ཛ་དྲག་གནས་བབ་ནི་ཅཱ་ཧྲ་ས་ཁུལ་གྱི་གདོང་གཏུག་ཕྱིར་མཆེད་པའི་མངོན་ཚུལ་ཞིག་རེད། ཅཱ་ཧྲ་ས་ཁུལ་དུ་མྱུར་མོར་དུས་ཡུན་རིང་བོའི་དམག་འཁྲུག་མཚམས་འཇོག་པ་མངོན་འགྱུར་བྱུང་ན། ཡེ་མིན་དང་མཚོ་དམར་གྱི་གནས་བབ་ཞི་འཇགས་སུ་འགྲོ་རྒྱུར་ཕན་ཐོགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་དེའི་ཐད་ལྷག་བསམ་རྣམ་དག་གིས་འབད་བརྩོན་བྱ་རྒྱུའི་འབོད་སྐུལ་བཏང་བ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། ཅ་ཧྲ་ཁུལ་དུ་དུས་ཡུན་རིང་བོའི་དམག་འཁྲུག་མཚམས་འཇོག་རྒྱུར་སྐུལ་འདེད་བཏང་ནས་ཆབ་སྲིད་གྱི་སྟེང་ནས་ཡེ་མེན་གྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ། མཉམ་དུ་དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་འཇགས་སྲུང་སྐྱོང་བྱེད་འདོད་ཡོད་པར་བཤད།

ཚེ་རིང་སྒྲོལ་མས་བསྒྱུར།