དབྱི་སི་རལ་གྱི་བྱང་ཕྱོགས་སུ་མེ་ཤུགས་འཕུར་མདའ་ཡི་འཇབ་རྒོལ་ཐེབས་ནས་ས་ཁུལ་མང་པོར་མེ་སྐྱོན་བྱུང་།
2024.06.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

དབྱི་སི་རལ་རྒྱལ་སྲུང་དམག་གིས་ཚེས27ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། མེ་ཤུགས་འཕུར་མདའ35ཙམ་ཉིན་དེར་ལེ་པཱ་ནུན་ནས་དབྱི་སི་རལ་གྱི་བྱང་ཕྱོགས་སུ་འཕངས་ནས་མེ་སྐྱོན་དང་གློག་ཆད་པའི་དོན་རྐྱེན་མང་པོ་བཟོས་ཟེར།

དབྱི་སི་རལ་དམག་དཔུང་གི་གསལ་བསྒྲགས་གཞིར་བཟུང་ན། མཁའ་སྲུང་འགོག་སྲུང་མ་ལག་གིས་མེ་ཤུགས་འཕུར་མདའ་མང་ཆེ་བ་བཀག་ཅིང་། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་ནང་སྒྲིག་སྦྱོར་བྱས་པའི་ཉེན་བརྡའི་ནང་མངོན་པར་གཞིགས་ན། བྱང་ཕྱོགས་ཀྱི་ཅཱ་ལིས་ལིས་མཚེའུ་རྒྱུད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་མང་པོ་ཞིག་ལ་དུས་ཡུན་ཐུང་ཐུང་ནང་མཁའ་ཟོན་ཉེན་བརྡ་ཡང་ཡང་བཏང་ཟེར།

དབྱི་སི་རལ་གྱི་མེ་འགོག་དང་རྒུད་སྐྱོབ་སྡེ་ཁག་གིས་འཇབ་རྒོལ་བྱས་པ་ལས་མེ་སྐྱོན་དང་གློག་ཆད་པའི་དོན་རྐྱེན་མང་པོ་བྱུང་བ་དང་། དབྱི་སི་རལ་གྱི་མྱུར་སྐྱོབ་རྩ་འཛུགས“ཉེན་འགོག་ཕུབ་དམར་པོ”ཞེས་པས་འཇབ་རྒོལ་ལས་མི་སྣར་ཤི་རྨས་བྱུང་མེད་ཅེས་བཤད།

ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཐེངས་དེའི་མེ་ཤུགས་འཕུར་མདའི་འཇབ་རྒོལ་ནི་དབྱི་སི་རལ་གྱི་མཁའ་རྒོལ་ལ་རྒོལ་ལན་སློག་པ་ཞིག་ཡིན་ཞེས་བཤད། ཉིན་དེའི་སྔ་མོའི་དུས་སུ། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཀྲིན་ཀྲུའུ་ཏང་གི་དམག་དོན་སྒྲིག་ཆས་ལ་བར་སྣང་ནས་འཇབ་རྒོལ་བྱས་ཏེ། ཀྲིན་ཀྲུའུ་ཏང་གི་ཁོངས་མི་གཉིས་བསད་པ་རེད།

ན་ནིང་གི་ཟླ10པའི་ཚེས7ཉིན་སྐོར་ཐེངས་གསར་པའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་བར་གདོང་གཏུག་བྱུང་པ་ནས་བཟུང་། ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གིས་དུས་ངེས་མེད་དུ་དབྱི་སི་རལ་བྱང་ཕྱོགས་སུ་འཇབ་རྒོལ་བྱས་པ་དང་། དབྱི་སི་རལ་གྱིས་བར་སྣང་ནས་འཇབ་རྒོལ་དང་སྒྱོགས་མདེལ་གྱིས་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་དམིགས་འབེན་ལ་འཁོན་ལན་སློག ཕྱོགས་གཉིས་ཀྱིས་ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཐའ་མཚམས་སུ་བསྟུད་མར་གདོང་གཏུག་བྱུང་ནས་ད་བར་དུ། ལེ་པཱ་ནུན་ལྷོ་ཕྱོགས་དང་བྱང་ཕྱོགས་མཐའ་མཚམས་ས་ཁུལ་གྱི་སྡོད་དམངས་མང་པོ་ཕྱིར་འཐེན་བྱས་ཡོད། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཟླ་འདིའི་ཚེས18ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་དང་ལེ་པཱ་ནུན་མཐའ་མཚམས་ཀྱི་ཛ་དྲག་གི་གནས་བབ་ལ་ཁ་གཏད་གཅོག་ཆེད། དབྱི་སི་རལ་དམག་ཕྱོགས་ཀྱིས་ལེ་པཱ་ནུན་དུ་དམག་དོན་བྱ་སྤྱོད་སྤེལ་རྒྱུའི་འཆར་གཞིར་ཆོག་མཆན་བཀོད་ཡོད་ཟེར།

ཚེ་རིང་སྒྲོལ་མས་བསྒྱུར།