མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས28ཉིན་ཀྲུའུ་ཞིའི་གསལ་སྒྲོག་ལ་གཅིག་གྱུར་ཡིད་འཐད་བྱུང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དྲག་ཆས་འཁྲུག་རྩོད་ཁྲོད་མི་སེར་དཀྱུས་མའི་སྲུང་སྐྱོབ་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།
གསལ་སྒྲོག་ལས་བཤད་རྒྱུར། ད་ལོ་ནི་རི་ནེ་ཝའི་སྤྱི་ཆིངས་བཀོད་ནས་ལོ་ངོ75འཁོར་བའི་ལོ་ཡིན་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དྲག་ཆས་འཁྲུག་རྩོད་ཁྲོད་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པ་ཆེད་དོན་གྲོས་ཞིབ་ཏུ་བཞག་ནས་ལོ་ངོ25འཁོར་བའི་ལོ་ཡང་ཡིན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འབྲེལ་ཡོད་དྲག་ཆས་འཁྲུག་རྩོད་ཁྲོད་གར་སོང་མ་རྙེད་པའི་མི་སྣ་ཇེ་མང་དུ་འགྲོ་བའི་སྙན་ཞུར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱེད་ཐབས་སྔར་ལས་བཟང་བོ་སྤྱད་དེ། ཕན་ནུས་ལྡན་པའི་སྒོ་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ལོ་ལྔའི་ཡར་སྔོན་གྲོས་མཐུན་བཀོད་པའི་དྲག་ཆས་འཁྲུག་རྩོད་ཁྲོད་གར་སོང་མ་རྙེད་པའི་མི་སྣའི་སྐོར་གྱི་གྲོས་ཆོད་གཉིས་བཞི་བདུན་བཞི་ལག་བསྟར་ནན་མོ་བྱས་ནས། དྲག་ཆས་འཁྲུག་རྩོད་ཁྲོད་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་དགོས་པའི་སྐུལ་མ་བཏང་།
གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དྲག་ཆས་འཁྲུག་རྩོད་ཕྱོགས་ཁག་སོ་སོས་དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱད་དེ་གར་སོང་མ་རྙེད་པའི་མི་སྣ་སྔོག་བཤེར་བྱེད་པ་དང་། གར་སོང་མ་རྙེད་པའི་མི་སྣའི་བེམ་པོ་ཕྱིར་སྤྲོད་དགོས་པར་མ་ཟད། ཐབས་ལམ་འོས་འཚམ་བཙུགས་ནས། གར་སོང་མ་རྙེད་པའི་མི་སྣ་སྔོག་བཤེར་བྱེད་པའི་བརྒྱུད་རིམ་ཁྲོད་དེའི་ཁྱིམ་མི་དང་འབྲེལ་འདྲིས་བྱེད་པའི་འབོད་སྐུལ་བཏང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ད་རུང་ཕྱོགས་སོ་སོས་དྲག་ཆས་འཁྲུག་རྩོད་ལས་བྱིས་པ་གར་སོང་མ་རྙེད་པའི་གནས་ཚུལ་ལ་མཐོང་ཆེན་བྱེད་དགོས་པར་མ་ཟད། བྱེད་ཐབས་ནུས་ལྡན་སྤྱད་དེ་གར་སོང་མ་རྙེད་པའི་བྱིས་པ་དག་བཙལ་བ་དང་དེ་དག་གི་ཐོབ་ཚང་ངོས་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་།
བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གསལ་སྒྲོག་ནང་རྒྱ་གྲམ་དམར་པོ་ཚོགས་པ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་གར་སོང་མ་རྙེད་པའི་མི་སྣའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཀྱི་ནུས་པ་གལ་ཆེན་ནན་བཤད་བྱས་པར་མ་ཟད། རྒྱལ་ཁབ་སོ་སོས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་ནས། རྒྱལ་ཁབ་དང་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ནས་གར་སོང་མ་རྙེད་པའི་མི་སྣར་འབྲེལ་བའི་ནག་ཉེས་བྱ་སྤྱོད་ལ་རྩད་གཅོད་ནན་མོ་བྱེད་པ་དང་། དྲང་བདེན་དང་མྱུར་མོ། ནུས་ལྡན་བཅས་ཀྱི་རྟོག་ཞིབ་དང་ཞུ་གཏུག་བྱས་ནས་འབྲེལ་ཡོད་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་རྩད་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།