དབྱི་ལིང་གིས་སྐབས་བཅུ་བཞི་པའི་ཙུང་ཐུང་འདེམས་བསྐོའི་བྱ་འགུལ་དེ་ས་གནས་དེའི་དུས་ཚོད་ཚེས་ཉེར་བརྒྱད་ཉིན་གྱི་ཞོགས་པའི་ཆུ་ཚོད་བརྒྱད་ཀྱི་སྟེང་མགོ་བརྩམས་ཤིང་། ཕྱི་དྲོའི་ཆུ་ཚོད་དྲུག་གི་སྟེང་མཇུག་བསྡུས། གལ་ཏེ་དགོས་པ་བྱུང་ཚེ་དུས་ཚོད་ཇེ་རིང་ལ་གཏང་རྒྱུ་རེད།
ཐེངས་འདིའི་འདེམས་བསྐོའི་བྱ་འགུལ་ཆེན་མོར་བསྡོམས་པས་མི་བྱེ་བ་དྲུག་དང་ས་ཡ་གཅིག་ལ་འདེམས་ཤོག་འཕེན་པའི་དབང་ཆ་ཡོད་ཅིང་། དབྱི་ལིང་ནང་ཁུལ་དང་ཕྱི་རྒྱལ་བཅས་ནས་བསྡོམས་པས་འདེམས་ཤོག་འཕེན་ས་ཁྲི་དྲུག་བཀོད་སྒྲིག་བྱས། དབྱི་ལིང་གི་ཆེས་མཐོ་བའི་དཔོན་པོ་ཧཱ་མེ་ནེ་ཡཱ་ཡིས་འདེམས་ཤོག་འཕེན་མགོ་བརྩམས་རྗེས་རྒྱལ་ས་ཏི་ཧེ་ལན་གྱི་འདེམས་ཤོག་འཕེན་ས་ཞིག་ཏུ་འདེམས་ཤོག་འཕངས།
དབྱི་ལིང་གི་སྐབས་བཅུ་བཞི་པའི་ཙུང་ཐུང་འདེམས་བསྐོའི་བྱ་འགུལ་དེ་སྔོན་ཉིས་སྟོང་ཉེར་ལྔ་ལོར་སྤེལ་བར་གཏན་འཁེལ་བྱས་ཡོད་ཀྱང་། ཙུང་ཐུང་ལེ་ཞི་ལ་གནམ་གྲུའི་དོན་རྐྱེན་བྱུང་པས་སྔ་སྣུར་བྱ་དགོས་བྱུང་། དབྱི་ལིང་ནང་སྲིད་པུའུ་ཡིས་ཟླ་དྲུག་པའི་ཚེས་དགུའི་ཉིན་དབྱི་ལིང་གི་རྩ་ཁྲིམས་ལྟ་སྐུལ་འོག་ནས་ཙུང་ཐུང་འདེམས་བསྐོའི་མི་སྣའི་ཁྲོད་དུ་མི་དྲུག་ཡོད་པ་ཁྱབ་བསྒྲགས་བྱས་ལ། དེ་དག་ནི་དབྱི་ལིང་གི་གྲོས་ཁང་དཔོན་པོ་ཁཱ་ལི་པཱ་ཧྥུའུ་དང་། ཙུང་ཐུང་གཞོན་པཱ་ཧཱ་ཞི་མུས། ཏི་ཧེ་ལན་གྱི་ཧྲི་ཀྲང་ཀྲ་ཁཱ་ནིས། ཉིང་རྡུལ་གྲོས་མོལ་གྱི་དཔོན་པོ་ཟུར་པ་ཅཱ་ལི་ལི། ནང་སྲིད་བློན་ཆེན་ཟུར་པ་ཕུའུ་ཨར་མོ་ཧན་མོ་ཏི། འཕྲོད་བསྟེན་པུའུ་ཀྲང་ཟུར་པ་ཕེ་ཙིག་ཧྲིན་ཅི་ཨན་བཅས་རེད་ལ། ཕྱིས་སུ་ཧཱ་ཞི་མུས་དང་ཀྲ་ཁཱ་ནིས་གཉིས་འདེམས་བསྐོ་ལས་ཕྱིར་བུད་པ་རེད།
དབྱི་ལང་གི་ཙུང་ཐུང་འདེམས་བསྐོའི་བྱ་འགུལ་དེ་ལོ་བཞིའི་ནང་ཐེངས་གཅིག་ལ་སྤེལ་བཞིན་ཡོད་པ་དང་། འདེམས་དམངས་རྣམས་ཀྱིས་ཐད་ཀར་བདམས་རྗེས། སྐབས་གཅིག་ལ་འགན་ཁུར་ཆོག ཐོག་མའི་འདེམས་ཤོག་འཕེན་པའི་བྱ་འགུལ་ཁྲོད་དུ་འདེམས་ཤོག་ཕྱེད་ཀའི་ཡན་གྱི་རྒྱལ་ཁ་ཐོབ་ཚེ་ཐད་ཀར་ཙུང་ཐུང་དུ་བདམས་ཆོག
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།