ཝུའུ་ཙི་པེ་ཁི་སི་ཐན་གྱི་རྡུལ་ཕྲན་ནུས་པའི་འཕེལ་རྒྱས་ཁང་གིས་ཉེ་སྔོན་གསལ་སྒྲོག་སྤེལ་ཏེ། ཝུའུ་ཙི་པེ་ཁི་སཐན་གྱི་རྡུལ་ཕྲན་ནུས་པའི་འཕེལ་རྒྱས་ཁང་གིས་ཨུ་རུ་སི་རྒྱལ་ཁབ་རྡུལ་ཕྲན་ནུས་པའི་ཀུང་ཟིའི་བར་གྲོས་ཆོད་ཡི་གེ་བཀོད་པ་དང་། དེ་ལས་ཕྱོགས་གཉིས་ཀྱིས་དེའི་་སྔོན་བཀོད་པའི་ཝུའུ་ཙི་པེ་ཁི་སི་ཐན་དུ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་འཛུགས་པའི་གན་རྒྱ་ནུས་ལྡན་དུ་གྱུར་བ་མཚོན་ཡོད་ཟེར།
གསལ་སྒྲོག་ལས་བསྟན་དོན། ཕྱོགས་གཉིས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཅི་ཀྲ་ཁི་མངའ་སྡེ་རུ་འཕྲུལ་ཆས་ཀྱི་ཤོང་ཚད་ཀྲའོ་ཝ330ཡིན་པའི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཤིག་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དེར་ཡན་ལག་འཕྲུལ་ཆས་ཚན་པ་དྲུག་གིས་གྲུབ་ཡོད་པ་དང་། འཕྲུལ་ཆས་ཚན་པ་རེའི་ཤོང་ཚད་ཀྲའོ་ཝ55རེད། ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དེའི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་བྱ་བ་དེ་ད་ལོའི་སྟོན་ཁ་ནས་མགོ་རྩོམ་རྒྱུ་རེད།
གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་རྒྱལ་ཁབ་རྡུལ་ཕྲན་ནུས་པའི་ཀུང་ཟི་དེ་འགན་གཙང་ལེན་བྱེད་མཁན་གྱི་ཚོང་བ་ཡིན་པའི་ཆ་ནས་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དེ་འཛུགས་སྐྲུན་བྱེད་པའི་འགན་ཁུར་ཡོད་་དང་། ཝུའུ་ཁི་ལན་ཕྱོགས་ཀྱི་ཀུང་ཟི་ཡང་འཛུགས་སྐྲུན་ནང་ཞུགས་རྒྱུ་རེད།
ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ད་ལོའི་ཟླ5བར་ཝུའུ་ཙི་པེ་ཁི་སི་ཐན་དུ་འཚམས་འདྲི་བྱས་པ་དང་། དེའི་སྐབས་སུ་ཝུའུ་ཙི་པེ་ཁི་སི་ཐན་གྱི་རྡུལ་ཕྲན་ནུས་པའི་འཕེལ་རྒྱས་ཁང་དང་ཨུ་རུ་སི་རྒྱལ་ཁབ་རྡུལ་ཕྲན་ནུས་པའི་ཀུང་ཟིས་གན་རྒྱ་བཀོད་དེ། ཅི་ཀྲ་ཁི་མངའ་སྡེ་ནས་ཨུ་རུ་སི་ཕྱོགས་ཀྱི་ཇུས་འགོད་ལྟར་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཤིག་འཛུགས་སྐྲུན་བྱེད་རྒྱུ་ཐག་བཅད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།