ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས29ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ས་ཁུལ་མང་བོར་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི17རྐྱེན་ལམ་དུ་ཤོར་ཡོད་ཟེར།
བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་བྱང་ཕྱོགས་ཀྱི་ཅཱ་ཧྲ་མཁར་གྱི་ས་ཁུལ་མང་བོར་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་བུད་མེད་དང་བྱིས་པ་འདུས་པའི་མི8རྐྱེན་ལམ་དུ་ཤོར་བ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་་ཧྲའི་དབུས་ཕྱོགས་ཀྱི་པུའུ་ལའེ་ཅེ་ཡུལ་གྱར་བའི་སྒར་སའི་སྡོད་ཁང་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ནས་ཉུང་མཐར་ཡང་མི4རྐྱེན་ལམ་དུ་ཤོར། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་ནུབ་ངོས་སུ་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི5རྐྱེན་ལམ་དུ་ཤོར་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས29ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་མཁར་ལྟེ་གནས་ཤར་གྱི་ཧྲུའུ་ཅཱ་ཨེ་ཡེ་སྡེ་ཁུལ་གྱི་འཇིགས་སྐུལ་རིང་ལུགས་ཀྱི་དམིགས་འབེན་ལ་དམིགས་པའི་དམག་དོན་འགུལ་སྐྱོད་མུ་མཐུད་དུ་སྤེལ་བཞིན་ཡོད་པ་དང་། འདས་པའི་ཉིན་གཅིག་གི་ནང་དབྱི་སི་རལ་གྱི་དམག་དཔུང་གིས་ས་ཁུལ་དེ་ནས་འཇིགས་སྐུལ་ཉེས་ཅན་མང་བོ་བསད་པར་མ་ཟད། སློབ་གྲྭ་ཞིག་གི་ནང་དུ་ཡོད་པའི་མཚོན་ཆའི་མཛོད་ཁང་ལ་འཇབ་རྒོལ་བྱས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་དབུས་ཕྱོགས་དང་ལྷོ་ཕྱོགས་སུ་མུ་མཐུད་དུ་འགུལ་སྐྱོད་སྤེལ་ནས་འཇིགས་སྐུལ་ཉེས་ཅན་མང་བོ་བསད་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་དང་ཉེ་བའི་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡིས་ཚེས29ཉིན་དྲ་རྒྱའི་སྟེགས་བུ་བརྒྱུད་དེ་བསྟན་དོན། མིག་སྔར་ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་མང་བོར་ཁ་ཟས་དངང་སྨན་རྫས། དག་གཙང་གི་ཆུ་བཅས་མེད་པ་དང་། སྐམ་སའི་རྒྱུ་ལམ་སྒོ་འབྱེད་བྱེད་ཚད་ལ་ཚད་བཀག་ཐེབས་ཡོད་པར་མ་ཟད། ས་དེའི་གད་སྙིགས་དང་བཙོག་ཆུའི་ཐག་གཅོད་ནུས་པར་ཡང་ཚད་བཀག་ཆེན་པོ་ཐེབས་ཡོད་ཟེར།
གཞན་ཡང་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་གསར་འགྱུར་དྲུང་ཡིག་གཞོན་པ་སཱ་པུའུ་ལོས་ནཱ་ཞིན་ཀི་ཡིས་ཚེས28ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཞིག་གི་སྟེང་བསྟན་དོན། ནམ་ཟླ་ངན་པའི་ཤུགས་རྐྱེན་ལས་ཨ་མེ་རི་ཁས་ཅཱ་ཧྲའི་མཚོ་འགྲམ་ས་ཁུལ་ནས་འཛུགས་སྐྲུན་བྱས་ཤིང་ས་ཁུལ་དེར་རྒུད་སྐྱོབ་དངོས་རྫས་འདོན་སྤྲོད་བྱེད་སར་བྱེད་པའི་གནས་སྐབས་གྲུ་ཁ་གནས་སྤོར་དགོས་བྱུང་བ་དང་། དབྱི་སི་རལ་གྱི་ཨ་ཧྲི་ཏུའུ་ཏི་གྲུ་ཁར་སྤོར་རྒྱུ་ཡིན། དེ་ནི་གྲུ་ཁ་དེ་ཟླ5བའི་ཟླ་དཀྱིལ་དུ་འཛུགས་སྐྲུན་བྱེད་མགོ་བརྩམས་ཏེ་བེད་སྤྱོད་བྱས་པའི་ཚུན་ལ་ཐེངས་གསུམ་པར་ལས་གཉེར་བྱེད་མཚམས་བཞག་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།