ཐུར་ཁེའི་ནུབ་ཕྱོགས་ཀྱི་དབྱེ་ཙི་མུས་ཨར་ཞིང་ཆེན་དུས་ཟླ6པའི་ཚེས30ཉིན་འབར་རླངས་སྣོད་འགས་གཏོར་བྱུང་བའི་དོན་རྐྱེན་བྱུང་སྟེ། མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་ང་བདུན་ལ་རྨས་ཕོག་ཡོད། དེའི་ནང་ཉུང་མཐར་ཡང་མི་བཅུའི་རྨས་སྐྱོན་ཧ་ཅང་ཚབ་ཆེན་རེད། ཐུར་ཁེའི་དབྱེ་ཙི་མུས་ཨར་ཞིང་ཆེན་གྱི་ཧྲིན་ཀྲང་ཨེ་ལེ་པན་གྱིས་བཤད་རྒྱུར། དོན་རྐྱེན་དེ་ནི་ཉིན་དེའི་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་ཞེ་གསུམ་སྟེང་ཞིང་ཆེན་དེའི་ཐའོ་ཨར་པཱ་ལེ་ས་ཁུལ་གྱི་ཟ་ཁང་ཞིག་ནས་བྱུང་བ་དང་། བཟོ་ལས་ཀྱི་འབར་རླངས་སྣོད་འགས་གཏོར་བྱུང་བའི་དབང་གིས་རེད་ཟེར།
ཨེ་ལེ་པན་གྱིས་བཤད་རྒྱུར། ཟ་ཁང་དེའི་ཉེ་འདབས་ཀྱི་ཐོག་ཁང་བཅུ་གཅིག་ལ་འགས་གཏོར་ལས་གཏོར་བརླག་ཐེབས་ཡོད། སྔོན་འགོག་བྱེད་ཐབས་ཀྱི་ཚུལ་དུ། ཉིན་དེར་འབར་རླངས་མཁོ་འདོན་བྱེད་མཚམས་བཞག་པ་དང་། སྡོད་དམངས་དག་བདེ་འཇགས་ས་ཁུལ་དུ་བསྐྱལ་ཡོད་ཟེར།
ཐུར་ཁེའི་ཁྲིམས་འཛིན་པུའུ་ཀྲང་ཐུང་ཆི་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བསྟན་དོན། ཞིབ་དཔྱོད་དཔོན་པོས་འགས་གཏོར་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་མགོ་བརྩམས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།