སུའུ་ཏན་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་དབུས་ཕྱོགས་ཀྱི་སིན་ནཱ་ཨར་མངའ་སྡེ་རུ་མུ་མཐུད་དུ་འཁྲུག་རྩོད་བྱས།
2024.07.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

སུའུ་ཏན་དྲག་ཆས་དམག་དཔུང་གི་མགྲིན་ཚབ་པས་ཟླ6པའི་ཚེས30ཉིན་བཤད་རྒྱུར། དམག་དཔུང་དེ་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་དབུས་ཕྱོགས་ཀྱི་སིན་ནཱ་ཨར་མངའ་སྡེ་རུ་མུ་མཐུད་དུ་འཁྲུག་རྩོད་བྱས་ཟེར།

སུའུ་ཏན་དྲག་ཆས་དམག་དཔུང་གི་མགྲིན་ཚབ་པ་ནཱ་པུས་ལེ་ཨ་པུའུ་ཏུའུ་ལཱ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སིན་ནཱ་ཨར་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཞིན་ཅཱ་རུ་སྡོད་པའི་དམག་དཔུང་གིས་གཡུལ་ས་བརྟན་སྲུང་བྱེད་བཞིན་ཡོད་པ་དང་། གྲོང་ཁྱེར་དེའི་འཁྲུག་རྩོད་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར། མགྲིན་ཚབ་པས་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཞིན་ཅཱ་གྲོང་ཁྱེར་བཙན་བཟུང་བྱས་པའི་སྐོར་གྱི་བཤད་ཚུལ་དེ་ཁས་ལེན་མ་བྱས།

སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་མགྲིན་ཚབ་པ་ཧྥ་ཐིས་ཧི་ཁུའུ་ལཱ་ཞེ་ཡིས་ཟླ6པའི་ཚེས29ཉིན་གྱི་དགོང་མོར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཞིན་ཅཱ་གྲོང་ཁྱེར་བཙན་བཟུང་བྱས་ཡོད་པ་དང་། སུའུ་ཏན་དྲག་ཆས་དམག་དཔུང་གི་གྲོང་ཁྱེར་དེར་སྡོད་པའི་རྐང་དམག་ཁྲི་ཤོག་བཅུ་བདུན་པའི་སྤྱི་ཁྱབ་པུའུ་དང་གྲོང་ཁྱེར་དེའི་སྲིད་གཞུང་ཐོག་ཁང་ཆེན་མོ་དང་བཅས་པའི་སྲིད་གཞུང་གི་ལས་ཁུངས་ཚང་མ་བཙན་བཟུང་བྱས་ཡོད་ཟེར།

སུའུ་ཏན་ས་གནས་རྩ་འཛུགས་སིན་ནཱ་ཨར་ལྟ་ཞིབ་ས་ཚིགས་ཀྱིས་ཟླ6པའི་ཚེས30ཉིན་གསལ་སྒྲོག་སྤེལ་ཏེ། ཞིན་ཅཱ་གྲོང་ཁྱེར་གྱི་མི་སེར་དཀྱུས་མ་དང་དམངས་བཀོལ་སྒྲིག་ཆས་སྐོར་ཞིག་ལ་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་པ་དང་། ཤི་རྨས་གནས་ཚུལ་ལ་སྤྱི་བསྡོམས་བྱེད་བཞིན་པའི་སྒང་ཡིན་ལ། མི་སེར་དཀྱུས་མ་སྟོང་ཕྲག་འགའ་རྒྱལ་ཁབ་དེའི་ལྷོ་ཕྱོགས་ཀྱི་ཆིན་ནེ་ལོ་ཧི་མངའ་སྡེ་རུ་མི་འབྲོ་ཐབས་མེད་བྱུང་ཡོད་ཟེར།

2023ལོའི་ཟླ4བའི་ཚེས15ཉིན། སུའུ་ཏན་དྲག་ཆས་དམག་དཔུང་དང་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་རྒྱལ་ས་ཁཱ་ཐུའུ་མུའུ་ནས་དྲག་ཆས་འཁྲུག་རྩོད་བྱས་པ་དང་། དེའི་རྗེས་སུ་འཐབ་འཁྲུག་དེ་ས་ཁུལ་གཞན་པར་རྒྱ་ཡན་དུ་སོང་བ་རེད། བསྟུད་མར་ལོ་གཅིག་ལྷག་རིང་གི་དྲག་ཆས་འཁྲུག་རྩོད་ལས་སུའུ་ཏན་གྱི་མི་ཁྲི་གཅིག་དང་སྟོང་དྲུག་དྲུག་བརྒྱ་ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་ས་ཡ་དགུ་དང་འབུམ་བཞི་ལྷག་ཡུལ་འཁྱམས་བྱེད་དགོས་བྱུང་ཡོད། ཉེ་བའི་གཟའ་འཁོར་གཅིག་གི་རིང་ལ། ཕྱོགས་གཉིས་ཀྱི་འཁྲུག་རྩོད་དེ་རྒྱལ་ཁབ་དེའི་ཅེ་ཅི་ལཱ་མངའ་སྡེ་དང་སིན་ནཱ་ཨར་མངའ་སྡེ། དེ་མིན་ཅཱ་ཏཱ་ལི་ཧྥུའུ་མངའ་སྡེ་བཅས་སུ་སྔར་ལས་ཛ་དྲག་ཏུ་གྱུར་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།