ཁྲའོ་ཞན་གྱིས་ཨ་མེ་རི་ཁ་དང་འཇར་པན། ཧན་གོ་བཅས་ཀྱི་རང་དབང་རལ་གྲི་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་རྒོལ་གཏམ་དྲག་པོ་བཏང་།
2024.07.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཀྱིས་ཉེ་སྔོན་ཚབ་མིང་ལ་རང་དབང་གི་རལ་གྲི་ཞེས་པའི་ཕྱོགས་གསུམ་གྱི་ཁྱབ་ཁོངས་མང་བོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བར་དམིགས་ཏེ། ཁྲའོ་ཞན་ཕྱི་དོན་པུའུ་ཕྱི་ཕྱོགས་སྲིད་ཇུས་ཁང་གིས་ཚེས30ཉིན་སྨྱན་བྱད་ལ་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་དང་འཇར་པན། ཧན་གོ་བཅས་ཀྱིས་ཡང་བསྐྱར་དམག་དོན་འགུལ་སྐྱོད་སྤེལ་ནས་དཀྲུག་འཕེན་བྱས་པར་རྒོལ་གཏམ་དྲག་པོ་བཏང་།

གསལ་སྒྲོག་ལས་བསྟན་དོན། ཨ་མེ་རི་ཁ་དང་འཇར་པན། ཧན་གོ་བཅས་ཀྱི་རང་དབང་གི་རལ་གྲི་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་ཉེན་ཁའི་རང་བཞིན་ནི་དམག་དོན་སྦྱོང་བརྡར་དེ་ནི་རྒྱལ་ཁབ་གསུམ་གྱི་དམག་དོན་མནའ་འབྲེལ་གྱི་རྩ་འཛུགས་ཅན་དང་མ་ལག་ཅན། དངོས་ཕུང་ཅན་བཅས་ཀྱི་ཐོན་དངོས་ཡིན་པས་ཡིན། ཨ་མེ་རི་ཁ་དང་འཇར་པན། ཧན་གོ་བཅས་ཕྱོགས་གསུམ་གྱིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དུས་ལྟར་སྤེལ་བ་ལས་ཨ་མེ་རི་ཁས་རང་དབང་རང་བདག་བྱེད་པའི་རྒྱལ་ཁབ་ལ་བཀག་འགོག་ཚོད་འཛིན་བྱས་ཏེ། རང་གི་དམག་དོན་བཀོད་སྒྲིག་དབང་ཆས་འཛམ་གླིང་ལ་དབང་བྱེད་པའི་འཐབ་ཇུས་ལ་འགན་སྲུང་བྱེད་པ་དང་། ཚད་མཐའ་ལས་བརྒལ་ཡོད་པས། འཛམ་གླིང་ཡོངས་ཀྱི་བདེ་འཇགས་ཁོར་ཡུག་དང་ས་ཁུལ་བར་གྱི་ཆབ་སྲིད་རྣམ་པ་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་ཟེར།

གསལ་སྒྲོག་ལས་ཁྲའོ་ཞན་གྱིས་དཔུང་འཇུག་རང་བཞིན་དང་ཕར་གནོན་རང་བཞིན་གྱི་བྱེད་ཐབས་སྤྱད་དེ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་ཁེ་ཕན། ས་ཁུལ་གྱི་ཞི་བདེ་བཅས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་རྒྱུའི་ཉེན་བརྡ་བཏང་།

ཧན་གོའི་མཉམ་འབྲེལ་ཇུས་འདོན་པུའུ་ཡིས་ཟླ6པའི་ཚེས27ཉིན་བཤད་རྒྱུར། ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཕྱོགས་གསུམ་གྱིས་ཉིན་དེ་ནས་བཟུང་རང་དབང་གི་རལ་གྲི་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཐོ་མ་སྤེལ་རྒྱུ་ཡིན་པ་དང་། དུས་ཡུན་ཉིན་གསུམ་ཡིན་ཡིན། རྒྱལ་ཁབ་གསུམ་གྱིས་དམག་དོན་སྦྱོང་བརྡར་བྱེད་སྐབས་མཚོ་ཐོག་ནས་འཕུར་མདའ་ལ་རྒོལ་བ་དང་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བའི་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། མཁའ་སྲུང་འཐབ་འཁྲུག་དང་། རྒུད་སྐྱོབ། མཚོ་ཐོག་གི་འགོག་སྲུང་། དྲ་རྒྱའི་འགོག་སྲུང་སོགས་ཀྱི་སྦྱོང་བརྡར་སྤེལ་རྒྱུ་ཡིན་ལ། རྟགས་སྣ་ཚོགས་ཀྱི་ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཀྱི་གྲུ་གཟིངས་དང་དམག་དོན་གནམ་གྲུ་དམག་དོན་སྦྱོང་བརྡར་ནང་ཞུགས་རྒྱུ་ཡིན་པ་དང་། དེའི་ནང་ཨ་མེ་རི་ཁའི་ཞི་ཨོ་ཏའོ་ལོ་སི་ཧྥུའུ་རྟགས་ཅན་གྱི་ཉིང་རྡུལ་སྒུལ་ཤུགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་ཤིག་འདུས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།