དབྱི་སི་རལ་དམག་ཕྱོགས་ཀྱིས་ཟླ6པའི་ཚེས30ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་མི་བཅོ་བརྒྱད་ལ་ཉིན་དེའི་སྔ་དྲོར་དབྱི་སི་རལ་གྱིས་བཙན་བཟུང་བྱེད་པའི་ཀི་ལན་མཐོ་ས་ནས་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་ནས་རྨས་ཕོག་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་པ་དང་། དེའི་ནང་མི་གཅིག་གི་རྨས་སྐྱོན་ཚབས་ཆེན་རེད་ཟེར། གསལ་སྒྲོག་ལས་མི་བསྡད་མེད་པའི་གནམ་གྲུ་དེའི་ཡོང་ཁུངས་གསལ་བོར་གླེང་མེད།
གསལ་སྒྲོག་ལས་ད་རུང་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་འདས་པའི་དུས་ཚོད་འགའི་ནང་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་ལ་འཇབ་རྒོལ་བྱས་པ་དང་། དེའི་ནང་སོ་ལྟ་ཁང་དང་འཕུར་མདའི་གཏོང་འཕེན་སྒྲིག་ཆས་སོགས་འདུས་ཡོད་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ད་རུང་ལེ་པཱ་ནུན་གྱི་ས་ཁུལ་མང་བོར་མེ་སྒྱོགས་གཏོང་འཕེན་བྱས་ནས་འཇིགས་ཉེན་མེད་པར་བཏང་ཡོད་ཟེར།
དབྱི་སི་རལ་ས་གནས་སྲུང་སྐྱོབ་དམག་སྤྱི་ཁང་གིས་ཚེས30ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་བྱང་ཕྱོགས་ས་ཁུལ་དུ་ཉིན་དེར་ལེ་པཱ་ནུན་ནས་གཏོང་འཕེན་བྱས་པའི་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་པ་དང་། ས་ཁུལ་མང་བོར་མཁའ་སྲུང་ཉེན་བརྡ་བཏང་གྲགས་ཡོད་ཟེར།
གཞན་ཡང་ཁཱ་ཐར་ཕྱེད་གླིང་བརྙན་འཕྲིན་ཁང་གིས་ཚེས30ཉིན་བསྒྲགས་པ་ལྟར་ན། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཉིན་དེར་ཁོངས་མི་གསུམ་དབྱི་སི་རལ་གྱི་དམག་དཔུང་གིས་བསད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།