དབྱི་སི་རལ་རྒྱལ་སྲུང་དམག་གིས་ཚེས29ཉིན་བཤད་རྒྱུར། དབྱི་སི་རལ་དམག་གིས་ཅཱ་ཧྲ་ས་ཁུལ་བྱང་ཕྱོགས་ཀྱི་ཅཱ་ཧྲ་མཁར་ཤར་ཕྱོགས་ཀྱི་ཧྲུའུ་ཅཱ་ཡཱ་རུ་བར་སྣང་ནས་འཇབ་རྒོལ་བྱས་པའི་དུས་མཚུངས་སུ་ས་ངོས་དང་ས་འོག་གི་དམག་འཐབ་བྱ་སྤྱོད་སྤེལ་ནས་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་མང་པོ་ཞིག་བསད་པ་དང་། དྲག་ཆས་ལག་ཆ་འཇོག་སའི་མཛོད་ཁང་ཞིག་ཀྱང་རྙེད་ཟེར། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མ་སིའི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་ཁཱ་སང་ལོའུ་ཡིས་བསྒྲགས་པ་ལྟར་ན། དྲག་ཆས་མི་སྣས་ཧྲུའུ་ཅཱ་ཡཱ་ས་ཁུལ་དུ་དབྱི་སི་རལ་གྱི་དམག་མིར་ཐེངས་མང་པོར་འཇབ་རྒོལ་བྱས་ཟེར། ཁཱ་སང་ལོའུ་ཡིས་ད་དུང་བཤད་པ་ལྟར་ན། དབྱི་སི་རལ་དམག་གི་མི་མེད་མྱུལ་ཞིབ་གནམ་གྲུ་ཞིག་ཀྱང་བཀག་ཉར་བྱས་ཡོད་ཟེར།
ཕཱ་ལེ་སི་ཐན་སྨྱན་བྱད་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་དམག་གིས་ཚེས29ཉིན་གྱི་ཐོ་རེངས་ནས་བཟུང་ཅཱ་ཧྲ་ས་ཁུལ་གྱི་ས་ཆ་མང་པོར་བར་སྣང་ནས་འཇབ་རྒོལ་བྱས་ཏེ། མི24རྐྱེན་ལམ་དུ་ཤོར་བ་དང་མི་མང་པོར་རྨས་སྐྱོན་ཕོག་ཡོད་ཟེར།
ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཐའ་མཚམས་སུ་མུ་མཐུད་དུ་གདོང་གཏུག་བྱུང་། དབྱི་སི་རལ་དམག་གིས་ཚེས་ཉེར་དགུ་ཉིན་ལེ་པཱ་ནུན་དང་ལྷོ་རྒྱུད་ཀྱི་ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གི་དྲག་ཆས་པའི་དམག་དོན་བཟོ་སྐྲུན་གཉིས་འགས་གཏོར་བཏང་། ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གི་དྲག་ཆས་ཀྱིས་ཉིན་དེར་བསྒྲགས་པ་ལྟར་ན། ལི་པཱ་ནུན་དང་དབྱི་སི་རལ་མཐའ་མཚམས་ཀྱི་ཐཱན་ཁི་དང་རླངས་འཁོར་ལ་འཇབ་རྒོལ་བྱས་པ་དང་། ལེ་པཱ་ནུན་གྱི་ལྟ་སྲུང་སྲིད་གཞུང་གི་ཙུང་ལི་མུས་ཁཱ་ཐི་ཡིས་ཚེས་ཉེར་དགུ་ཉིན་བཤད་པ་ལྟར་ན། ལེ་པཱ་ནུན་དེ་དམག་འཁྲུག་གི་གནས་སུ་ལྷུང་ཡོད་པ་དང་། སྡོད་དམངས་མང་པོར་ཤི་རྨས་བྱུང་ཟེར།
ཨ་རབ་མནའ་འབྲེལ་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ལེ་པཱ་ནུན་དུ་ཡོད་པའི་ཀྲིན་ཀྲུའུ་ཏང་དེ་འཇིགས་སྐུལ་རྩ་འཛུགས་ནང་མི་འཇུག་རྒྱུར་འཐད་པ་བྱུང་།
ལེ་པཱ་ནུན་སོགས་ཨ་རབ་རྒྱལ་ཁབ་མང་པོའི་སྨྱན་བྱད་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ཧུའུ་སཱ་མུའུ·ཀྲ་ཅི་ཡིས་ཚེས29ཉིན་གསལ་བསྒྲགས་སྤེལ་ནས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་དེ་འཇིགས་སྐུལ་རྩ་འཛུགས་སུ་མི་བརྩི་རྒྱུར་འཐད་པ་བྱུང་ཟེར། ལེ་པཱ་ནུན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཉིན་དེའི་སྔོན་ལ། ཀྲ་ཅི་ཡིས་ལེ་པཱ་ནུན་གྱི་རྒྱལ་ས་པེ་ལུའུ་ཐེ་རུ་འཚམས་འདྲི་བྱས་པ་མ་ཟད། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་ཁོངས་སུ་གཏོགས་པའི་འགོག་རྒོལ་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣར་གྲོས་མོལ་བྱས་པ་རེད།
ཚེ་རིང་སྒྲོལ་མས་བསྒྱུར།