མུའུ་ལེ་ནོའུ་ཡིས་དམ་བཅའ་བཞག་སྟེ་ཕཱ་ནཱ་མཱའི་ཙུང་ཐུང་གི་འགན་ཁུར།
2024.07.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཕཱ་ནཱ་མཱའི་གསར་དུ་བདམས་པའི་ཙུང་ཐུང་མུའུ་ལེ་ནོའུ་ཡིས་ཟླ7པའི་ཚེས1ཉིན་རྒྱལ་ས་ཕཱ་ནཱ་ནཱ་མཁར་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། དུས་ཡུན་ལོ་ངོ་ལྔའི་ཙུང་ཐུང་གི་འགན་ཡུན་མགོ་བརྩམས་པ་རེད།

ལས་འགན་ཁུར་བའི་མཛད་སྒོ་ནི་ཉིན་དེའི་ཕྱི་དྲོར་ཕཱ་ནཱ་མཱ་མཁར་གྱི་ཐི་ལཱ་ཕཱ་གྲོས་ཚོགས་ལྟེ་གནས་སུ་བསྡུས་པ་དང་། མུའུ་ལེ་ནོའུ་ཡིས་མཛད་སྒོའི་སྟེང་དམ་བཅའ་བཞག་སྟེ། ཕཱ་ནཱ་མཱ་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞི་ཁཱ་སི་ཐཱ་ནེ་ཏཱ་ཡིས་ཁོ་ལ་ཙུང་ཐུང་གི་སྐ་རགས་བཅངས་པ་རེད།

མུའུ་ལེ་ནོའུ་ཡིས་དེའི་རྗེས་སུ་གཏམ་བཤད་སྤེལ་སྐབས། རང་གི་འགན་ཡུན་ནང་དུ་ནུས་ཤུགས་ཡོད་དགུས་ཕཱ་ནཱ་མཱའི་སྤྱི་ཚོགས་འདྲ་མཉམ་ལ་ཡར་སྐུལ་བྱེད་པ་དང་། སྨན་བཅོས་ལྟེ་གནས་དང་སྤྱི་ཚོགས་རང་བཞིན་གྱི་སྡོད་ཁང་། མྱུར་བགྲོད་གཞུང་ལམ་སོགས་སྤྱི་བའི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཁས་ལེན་བྱས། ཁོས་ཕཱ་ནཱ་མཱའི་སྤྱི་ཚོགས་ལས་རིགས་སོ་སོས་མཐུན་སྒྲིལ་གཅིག་གྱུར་བྱེད་པ་དང་། ཆབ་སྲིད་འགལ་བ་ཁ་གསབ་བྱས་ཏེ་རྒྱལ་ཁབ་ཀྱི་མ་འོངས་པའི་འཕེལ་རྒྱས་ལ་མཉམ་དུ་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕཱ་ནཱ་མཱ་ཡིས་ཟླ5བའི་ཚེས5ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། ཕཱ་ནཱ་མཱའི་འདེམ་བསྐོའི་ཁྲིམས་ཁང་གིས་འདེམ་ཤོག་ཡོད་ཚད་ལ་བསྡོམས་རྩིས་བྱས་པའི་མཇུག་འབྲས་ལྟར་ན། མུའུ་ལེ་ནོའུ་དེ་དམིགས་འབེན་མངོན་འགྱུར་ཏང་དང་མནའ་འབྲེལ་ཏང་གི་ཐུན་མོང་འདེམ་སྒུག་པ་ཡིན་པའི་ཆ་ནས། བརྒྱ་ཆའི་སོ་བཞི་དང་གྲངས་ཆུང་གཉིས་ཀྱི་འདེམ་ཤོག་ཐོབ་ཚད་ཀྱིས་བདམས་ཐོན་བྱུང་བ་རེད།

མུའུ་ལེ་ནོའུ་ནི1959ལོར་ཕཱ་ནཱ་མཱའི་ནུབ་ཕྱོགས་ཀྱི་ཏའེ་ཝེ་མཁར་ནས་སྐྱེས་པ་དང་། སྔོན་ཆད་ཕཱ་ནཱ་མཱའི་ཕྱི་འབྲེལ་པུའུ་དང་ནང་སྲིད་པུའུ། ཁྲིམས་འཛིན་པུའུ། དེ་མིན་སྤྱི་བའི་བདེ་འཇགས་པུའུ་བཅས་ཀྱི་པུའུ་ཀྲང་གི་འགན་ཁུར་མྱོང་།

ཕཱ་ནཱ་མཱའི་ཙུང་ཐུང་ནི་ཕཱ་ནཱ་མཱ་ཡིས་རྒྱལ་ཁབ་གཙོ་འཛིན་དང་སྲིད་གཞུང་གི་མགོ་གཙོ་ཡིན་ཞིང་། ཐད་ཀར་དུ་བདམས་ཐོན་བྱེད་པ་ཡིན་ལ། འགན་ཡུན་ལོ་ངོ་ལྔ་ཡིན་པ་དང་། བསྟུད་འགན་ཁུར་མི་རུང་།


བསོད་ནམས་ཚེ་རིང་གིས་བསྒྱུར།