པའོ་ལེ་ཝེ་ཡཱ་ཡིས་ཨ་ཀིན་ཐིན་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཕྱིར་འབོད་རྒྱུ་ཁྱབ་བསྒྲགས་བྱས།
2024.07.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

པའོ་ལེ་ཝེ་ཡཱའི་ཕྱི་འབྲེལ་པུའུ་ཀྲང་ཚབ་མ་ཕུའུ་ལཱ་ཏཱ་ཡིས་ཟླ7པའི་ཚེས1ཉིན་ཁྱབ་བསྒྲགས་བྱས་དོན། ཨ་ཀིན་ཐིན་དུ་སྡོད་པའི་རྒྱལ་ཁབ་རང་གི་གཞུང་ཚབ་པ་ལཱ་མུས་ལོ་ཐཱ་ཕིས་ཡཱ་ཕྱིར་བོས་ཏེ། ཨ་ཀིན་ཐིན་གྱི་ཙུང་ཐུང་གཞུང་སྒྲུབ་ཁང་གིས་པའོ་ལེ་ཝེ་ཡཱའི་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་ཐད་ནས་ཚུལ་མིན་གྱི་གཏམ་བཤད་སྤེལ་བར་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར།

ཕུའུ་ལཱ་ཏཱ་ཡིས་ཉིན་དེར་རྒྱལ་ས་ལཱ་པཱ་སི་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། པའོ་ལེ་ཝེ་ཡཱའི་སྲིད་གཞུང་གིས་པའོ་ལེ་ཝེ་ཡཱ་རུ་སྡོད་པའི་ཨ་ཀིན་ཐིན་གྱི་གཞུང་ཚབ་ཆེན་མོ་མཱ་སེ་ལོ་ཨ་ཏི་ལི་ཨན་བོས་ནས། ཨ་ཀིན་ཐིན་གྱི་ཙུང་ཐུང་མུས་ལའེ་ཡི་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསལ་སྒྲོག་དེར་ངོ་རྒོལ་དྲག་པོ་བྱེད་པའི་ཚུལ་བསྟན་རྒྱུ་ཐག་བཅད་པ་ཡིན། ཕུའུ་ལཱ་ཏཱ་ཡིས་ནན་གྱིས་བསྟན་དོན། ཨ་ཀིན་ཐིན་གྱི་ཙུང་ཐུང་གཞུང་སྒྲུབ་ཁང་གི་གསལ་སྒྲོག་དེ་ནི་དོན་དངོས་གཞིར་བཟུང་མེད་པའི་ཕྱོགས་རིས་ཀྱི་ལྟ་ཚུལ་ཞིག་རེད་ཟེར། ཕུའུ་ལཱ་ཏཱ་ཡིས་ད་རུང་ཨ་ཀིན་ཐིན་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རྩ་དོན་བརྩི་སྲུང་བྱས་ནས་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་རུང་བའི་འབོད་སྐུལ་བཏང་།

ཨ་ཀིན་ཐིན་གྱི་ཙུང་ཐུང་གཞུང་སྒྲུབ་ཁང་གིས་ཟླ6པའི་ཚེས30ཉིན་གསལ་སྒྲོག་སྤེལ་ཏེ། པའོ་ལེ་ཝེ་ཡཱ་ཡིས་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་ལ་དམིགས་པའི་སྐྱོན་འཛུགས་དེ་རྫུན་གཏམ་ཡིན་པ་དང་། པའོ་ལེ་ཝེ་ཡཱའི་དམངས་གཙོ་དེ་ཉེན་ཁར་འཕྲད་ཡོད་ཟེར།

ཟླ6པའི་ཚེས26ཉིན། པའོ་ལེ་ཝེ་ཡཱ་རུ་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་བྱུང་། སྔོན་ཆད་ཀྱི་སྐམ་དམག་གི་དམག་སྤྱི་སུའུ་ནེ་ཅཱ་ཉིན་དེར་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་ལ་ཞུགས་པའི་དབང་གིས་འཛིན་བཟུང་བྱས། པའོ་ལེ་ཝེ་ཡཱའི་ཁྲིམས་ཁང་ཞིག་གིས་ཚེས28ཉིན་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་ལ་ཞུགས་པའི་སུའུ་ནེ་ཅཱ་སོགས་སྔོན་ཆད་ཀྱི་དམག་དཔུང་གི་དམག་དཔོན་གསུམ་ཟླ་ངོ་དྲུག་རིང་བཙོན་འཇུག་བྱེད་རྒྱུ་ཐག་བཅད།

པའོ་ལེ་ཝེ་ཡཱའི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཟླ་ངོ་དྲུག་པོ་དེའི་ནང་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་དེར་ཕྱོགས་ཡོངས་ནས་རྟོག་ཞིབ་དང་འབྲེལ་ཡོད་ཀྱི་ཁྲིམས་འཛིན་ལས་རིམ་སྤེལ་རྒྱུ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་དེར་རྒོལ་གཏམ་བཏང་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།