དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཟླ7པའི་ཚེས1ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཚར་གཅོད་བྱེད་པའི་ཆེས་མཇུག་མཐའི་དུས་རིམ་དུ་བསླེབས་ཡོད་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་ཡེ་ལུའུ་སཱ་ལེམ་རུ་སྡོད་པའི་ཙུང་ལིའི་བཞུགས་ཤག་ནས་དབྱི་སི་རལ་གྱི་རྒྱལ་སྲུང་སློབ་གླིང་གི་སློབ་མར་ཐུག་འཕྲད་བྱེད་སྐབས་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་གྱི་འཐབ་འཁྲུག་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་དང་། ཧཱ་མཱ་སི་ཚར་གཅོད་བྱེད་པའི་ཆེས་མཇུག་མཐའི་དུས་རིམ་དུ་བསླེབས་ཡོད་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ནན་གྱིས་བསྟན་དོན། དབྱི་སི་རལ་གྱིས་མུ་མཐུད་དུ་འཐབ་འཁྲུག་དམིགས་འབེན་མངོན་འགྱུར་བྱེད་པར་འབད་འབུངས་བྱས་ཏེ། ཅཱ་ཧྲ་ས་ཁུལ་དུ་བཀག་འཇུག་བྱེད་པའི་མི་སྣ་ཕྱིར་གཏོང་དུ་འཇུག་པ་དང་། ཧཱ་མཱ་སིའི་དམག་དོན་དང་བཅོས་སྐྱོང་ནུས་པ་རྩ་མེད་དུ་བཏང་སྟེ། ཅཱ་ཧྲ་ས་ཁུལ་གྱིས་ཡང་བསྐྱར་དབྱི་སི་རལ་ལ་འཇིགས་ཉེན་བཟོ་མི་སྲིད་པར་ཁག་ཐེག་བྱེད་རྒྱུ་མ་ཟད། སྐོར་ཐེངས་འདིའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ཕྱིར་འཐེན་བྱས་པའི་དབྱི་སི་རལ་གྱི་སྡོད་དམངས་དག་བདེ་འཇགས་ངང་ཕྱིར་རང་ཁྱིམ་ལ་ལོག་ཏུ་འཇུག་རྒྱུ་ཡིན་ཟེར།
དབྱི་སི་རལ་གྱི་དམག་དཔུང་གིས་ཟླ7པའི་ཚེས1ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེར་མེ་ཤུགས་འཕུར་མདའ་ཉི་ཤུ་ཙམ་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་གྲོང་ཁྱེར་ནས་དབྱི་སི་རལ་དུ་གཏོང་འཕེན་བྱས་ཡོད་ཟེར། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ས་ཁུལ་མང་བོར་མུ་མཐུད་དུ་འཁྲུག་རྩོད་བྱས་ཏེ་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་བསད།
ལཱ་ཧྥ་ས་ཁུལ་དུ་དབྱི་སི་རལ་གྱི་དམག་དཔུང་གིས་ཕཱ་ལེ་སི་ཐན་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏི་ཡི་ཅཱ་ཧྲའི་ཆེས་ཆེ་བའི་མེ་ཤུགས་འཕུར་མདའི་ལྷུ་ལག་དང་རྒྱང་འཕེན་མེ་ཤུགས་འཕུར་མདའི་ས་འོག་ཐོན་སྐྱེད་རྟེན་གཞི་ཞིག་རྙེད་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།