ཚེས3ཉིན་སུའུ་ཏན་གྱི་ཏར་ཧྥུའར་བྱང་མ་མངའ་སྡེ་སྲིད་གཞུང་གི་དཔོན་རིགས་ཀྱིས་ཉིན་དེར་སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དཔུང་སྡེ་ཡིས་མངའ་སྡེ་དེའི་གྲོང་ཁྱེར་གཙོ་བོ་ཧྥ་ཞིའར་གྱི་ཁྲོམ་ར་ཞིག་དང་སྡོད་དམངས་ཁུལ་མང་པོ་ཞིག་ལ་མེ་སྒྱོགས་འཕངས་པས་མི15རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི32ལ་རྨས་ཕོག་ཡོད་ཟེར།
ཏར་ཧྥུའར་བྱང་མ་མངའ་སྡེའི་འཕྲོད་བསྟེན་པུའུ་ཀྲང་དབྱི་པུའུ་ལ་ཞིན·ཨ་པུའུ་ཏུའུ་ལ·ཧཱ་ཐིའར་གྱིས་གསལ་བསྒྲགས་ནང་སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དཔུང་སྡེ་ཡིས་ཚེས3ཉིན་གྱི་སྔ་དྲོར་ཧྥ་ཞིའར་གྲོང་ཁྱེར་ལྷོ་རྒྱུད་ཀྱི་ཕྱུགས་ཟོག་ཉོ་འཚོང་བྱེད་སའི་ཁྲོམ་ར་ཞིག་དང་སྡོད་དམངས་ཀྱི་ས་ཁུལ་མང་པོར་མེ་སྒྱོགས་དྲག་པོ་འཕངས་ཡོད་པ་དང་། དོན་རྐྱེན་དེ་བྱུང་སྐབས་གྲོང་མི་མང་པོ་ཞིག་གིས་ཁྲོམ་རར་ཉོ་སྒྲུབ་བྱེད་བཞིན་ཡོད་པ་དང་ཤི་རྨས་བྱུང་བ་ཚང་མ་མི་སེར་དཀྱུས་མ་ཏག་ཏག་རེད་ཟེར།
ཕྱུགས་ཟོག་ཉོ་འཚོང་བྱེད་སའི་ཁྲོམ་ར་དེ་ནི་ཧྥ་ཞིའར་གྲོང་ཁྱེར་གྱི་ཞིང་ལས་ཐོན་རྫས་ཉོ་འཚོང་ལྟེ་གནས་གཙོ་བོ་ཞིག་ཡིན་པ་དང་ཉིན་རྒྱུན་ལྟར་གྲོང་མི་འབོར་ཆེན་དེ་གར་འདུ་འཛོམས་བྱེད་ཀྱི་ཡོད།
སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དཔུང་སྡེ་ཡིས་དེའི་ཐད་ནས་ལན་ཅི་ཡང་བཏབ་མེད།
ད་ལོའི་ཟླ5བའི་ཚེས10ཉིན་ནས་བཟུང་སུའུ་ཏན་དྲག་ཆས་དཔུང་སྡེ་ཡིས་ས་གནས་དྲག་ཆས་དང་མཉམ་འབྲེལ་བྱས་ཏེ་ཏར་ཧྥུའར་བྱང་མ་མངའ་སྡེ་ཡི་ཚོད་འཛིན་དབང་ཆར་དམིགས་ནས་སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དཔུང་སྡེ་དང་ཧྥ་ཞིའར་དུ་དམག་འཐབ་དྲག་པོ་བརྒྱབ།
2023ལོའི་ཟླ་4བའི་ཚེས15ཉིན། སུའུ་ཏན་དྲག་ཆས་དཔུང་སྡེ་དང་སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དཔུང་སྡེ་བར་རྒྱལ་ས་ཁ་ཐུའུ་མུའུ་རུ་འཁྲུག་རྩོད་དྲག་པོ་བྱུང་བ་དང་། དེའི་རྗེས་སུ་དམག་འཁྲུག་གི་མེ་ལྕེ་ས་ཁུལ་གཞན་དུ་མཆེད་པ་རེད། ལོ་གཅིག་ལྷག་ཙམ་རྒྱུན་མཐུད་པའི་འཁྲུག་རྩོད་དྲག་པོ་ལས་སུའུ་ཏན་གྱི་མི་ཁྲི1.66ཙམ་རྐྱེན་ལམ་དུ་ཤོར་བ་དང་མི་ས་ཡ་དགུ་དང་འབུམ་བཞི་ལྷག་ཙམ་ཡུལ་འཁྱམས་བྱེད་བཞིན་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།