ནེ་པཱ་ལཱ་གུང་ཁྲན་ཏང་མཉམ་འབྲེལ་མཱ་ལའེ་ནེ་པཱ་ལཱའི་མཉམ་འབྲེལ་སྲིད་གཞུང་ལས་ཕྱིར་བུད།
2024.07.04 ཁུངས། ཀློག་གྲངས། 17

ནེ་པཱ་ལཱ་གུང་ཁྲན་ཏང་མཉམ་འབྲེལ་མཱ་ལའེ་ཚེས3ཉིན་གྱི་དགོང་མོར་ཙུང་ལི་ཕུའུ་ལཱ་ཁྲང་ཏཱ་ཡིས་འགོ་ཁྲིད་བྱས་པའི་མཉམ་འབྲེལ་སྲིད་གཞུང་ལས་ཕྱིད་བུད་པར་མ་ཟད། མཉམ་འབྲེལ་སྲིད་གཞུང་གི་རྒྱབ་སྐྱོར་རྩིས་མེད་དུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས།

ནེ་པཱ་ལཱ་གུང་ཁྲན་ཏང་གི་པུའུ་ཀྲང་བརྒྱད་ཀྱིས་ཉིན་དེའི་དགོང་མོར་ཕུའུ་ལཱ་ཁྲང་ཏཱར་དགོངས་ཞུའི་ཡི་གེ་སྤྲད། ཁྲིམས་འཛིན་པུའུ་ཀྲང་དང་གྲོས་ཁང་གི་ལས་དོན་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་བའི་ཕཱ་ཏཱ་མུའུ་ཅི་ལིས་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཁོ་དང་པུའུ་ཀྲང་གཞན་པ་བདུན་པོས་དགོངས་ཞུའི་ཡི་གེ་སྤྲོད་སྐབས་ཕུའུ་ལཱ་ཁྲང་ཏཱར་ནེ་པཱ་ལཱ་གུང་ཁྲན་ཏང་མཉམ་འབྲེལ་མཱ་ལའེ་ཡིས་མཉམ་འབྲེལ་སྲིད་གཞུང་གི་རྒྱབ་སྐྱོར་རྩིས་མེད་དུ་གཏོང་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་ཟེར།

ནེ་པཱ་ལཱ་གུང་ཁྲན་ཏང་མཉམ་འབྲེལ་མཱ་ལའེ་དེ་ཕྱིར་བུད་རྗེས། ཕུའུ་ལཱ་ཁྲང་ཏཱ་སྲིད་གཞུང་གིས་ཉིན་སུམ་ཅུའི་ནང་ཡང་བསྐྱར་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་དམངས་གྲོས་ཁང་གི་ཡིད་ཆེས་འདེམས་ཤོག་ཐོབ་པར་བྱེད་དགོས།

ནེ་པཱ་ལཱ་གུང་ཁྲན་ཏང་མཉམ་འབྲེལ་མཱ་ལའེ་ཡིས་ཚེས་གཅིག་ཉིན་གྱི་དགོང་མོར་ཆེས་ཆེ་བའི་ངོ་རྒོལ་ཏང་ནེ་པཱ་ལཱའི་ཚོགས་ཆེན་ཏང་དང་གྲོས་ཆོད་བཀོད་དེ། ལག་རྡང་སྦྲེལ་ནས་མཉམ་འབྲེལ་སྲིད་གཞུང་གསར་བ་འཛུགས་པར་མོས་མཐུན་བྱུང་བ་དང་། 2027ལོའི་འདེམས་བསྐོ་ཆེན་མོ་སླེབས་རག་བར་དུ་ཏང་གཉིས་ཀྱི་མགོ་ཁྲིད་མི་སྣས་རེས་སྐོར་ནས་ཙུང་ལིའི་འགན་འཁུར་རྒྱུ་རེད། དམངས་གྲོས་ཁང་འདི་གཉིས་ཀྱི་ཆེས་ཆེ་བའི་སྲིད་ཏང་གིས་ཕུའུ་ལཱ་ཁྲང་ཏཱར་ལས་ཁུར་དགོངས་ཞུ་བྱེད་པར་སྐུལ་མ་བཏང་སྟེ། མཉམ་འབྲེལ་སྲིད་གཞུང་གསར་བ་འཛུགས་པར་བགྲོད་ལམ་ཡངས་པོར་བཏིང་། ཕུའུ་ལཱ་ཁྲང་ཏཱ་ཡིས་ལས་ཁུར་དགོངས་ཞུ་དང་ལེན་མ་བྱས་པར་དམངས་གྲོས་ཁང་གིས་ཡིད་ཆེས་འདེམས་ཤོག་འཕེན་པར་རེ་བ་བྱེད་རྒྱུ་ཡིན་པར་བསྟན།

2022ལོའི་ཟླ11པར་ནེ་པཱ་ལཱ་ཡིས་འདེམས་བསྐོ་ཆེན་མོ་བྱས་པ་དང་། སྲིད་ཏང་གང་ལ་ཡང་དམངས་གྲོས་ཁང་གི་གོ་གནས་མང་ཤོས་ཐོབ་མེད། ལོ་དེའི་ཟླ་བཅུ་གཉིས་པའི་ཟླ་སྨད་དུ། ནེ་པཱ་ལཱ་གུང་ཁྲན་ཏང་མའོ་རིང་ལུགས་ལྟེ་གནས་ཀྱི་ཀྲུའུ་ཞི་ཕུའུ་ལཱ་ཁྲང་ཏཱ་ཡིས་ནེ་པཱ་ལ་ཱགུང་ཁྲན་ཏང་མཉམ་འབྲེལ་མཱ་ལའེ་སོགས་སྲིད་ཏང་གི་རྒྱབ་སྐྱོར་འོག་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལིའི་འགན་ཁུར། 2023ལོའི་ཟླ2པའི་ཟླ་མཇུག་ཏུ་ནེ་པཱ་ལཱ་གུང་ཁྲན་ཏང་མཉམ་འབྲེལ་མཱ་ལའེ་དེ་མཉམ་འབྲེལ་སྲིད་གཞུང་ལས་ཕྱིར་བུད་རྗེས། ནེ་པཱ་ལཱ་ཚོགས་ཆེན་ཏང་མཉམ་འབྲེལ་སྲིད་གཞུང་གི་ནང་དུ་ཞུགས། ད་ལོའི་ཟླ་གསུམ་པའི་ཟླ་མགོར། ཕུའུ་ལཱ་ཁྲང་ཏཱ་ཡིས་ནེ་པཱ་ལཱ་ཚོགས་ཆེན་ཏང་དང་མཉམ་ལས་བྱེད་མཚམས་བཞག་པ་དང་། ཡང་བསྐྱར་ནེ་པཱ་ལཱ་སྤྱི་མཐུན་ཏང་དེ་མཉམ་འབྲེལ་སྲིད་གཞུང་དུ་ནང་འགུག་བྱས་ནས་ནེ་ཀི་བཅོས་སྒྲིག་བྱས། 

ལྷ་མོ་འཚོས་བསྒྱུར།