དབྱི་སི་རལ་གྱིས་ཧཱ་མཱ་སི་ཡིས་ཅཱ་ཧྲའི་འཁྲུག་རྩོད་མཚམས་འཇོག་པའི་ཐད་བཏོན་པའི་གྲོས་གཞིར་ཞིབ་འཇུག་བྱེད་བཞིན་ཡོད་པའི་ཚུལ་བསྟན།
2024.07.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

དབྱི་སི་རལ་གྱི་གསང་འཕྲིན་ཁང་དམིགས་བསལ་ལས་རེས་ཅུའུ་ཡིས་ཚེས3ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་དབྱི་སི་རལ་གྱིས་བཀག་འཇུག་བྱས་པའི་མི་སྣ་ཕྱིར་གཏོང་བའི་གྲོས་གཞིར་ཞིབ་འཇུག་བྱེད་བཞིན་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་ཕྱོགས་ཀྱིས་གྲོས་མོལ་ཚན་ཆུང་ལ་ཧཱ་མཱ་སིའི་བཀག་འཇུག་མི་སྣ་ཕྱིར་གཏོང་བའི་སྐོར་གྱི་གྲོས་གཞི་དང་བསམ་འཆར་བརྒྱུད་སྒྲོག་བྱས་ཡོད་པ་དང་། དོན་དེར་དཔྱད་འཇོག་བྱེད་བཞིན་ཡོད་པར་མ་ཟད། འདུམ་འགྲིག་ཕྱོགས་ཁག་བར་ལ་དབྱི་སི་རལ་ཕྱོགས་ཀྱི་ལན་བྱིན་ཡོད་ཟེར།

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་དེའི་རྗེས་སུ་གསལ་སྒྲོག་སྤེལ་ཏེ། མའོ་སཱ་ཏིའི་གསལ་སྒྲོག་ནང་དོན་ཁས་ལེན་བྱས།

ཧཱ་མཱ་སི་ཡིས་ཚེས3ཉིན་གྱི་དགོང་མོར་གསལ་སྒྲོག་ཐུང་ངུ་སྤེལ་ཏེ། ཧཱ་མཱ་སི་དང་འདུམ་འགྲིག་ཕྱོགས་ཀྱིས་འདོད་ཚུལ་རེ་འགའ་བརྗེ་རེས་བྱས་པ་དང་། དམིགས་ཡུལ་ནི་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་མི་དམངས་ལ་བཙན་འཛུལ་བྱེད་པ་མཚམས་འཇོག་ཏུ་འཇུག་པའི་ཆེད་དུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།